当前位置: 首页 > 通知公告 > དགེ་རྒན་གྱི་ལས་འགན།

དགེ་རྒན་གྱི་ལས་འགན།

2020年05月15日 16:48:59 访问量:817

གསུམ་པ། དགེ་རྒན་ཞིག་ཡིན་ན་དཔེ་ཆ་ཀློག་པ་ལ་དགའ་བའི་མི་ཞིག་ཡིན་དགོས་པ།    

མི་ཞིག་འཇིག་རྟེན་འདིར་སླེབས་པ་ནས་ཡུལ་དུས་གང་དུའང་བློ་ཡུལ་ལས་འདས་པའི་དཀའ་ཁག་མང་པོ་དང་འཕྲད་འོང་བ་སེལ་བའི་ཐབས་ནི་སྣ་ཚོགས་མཆིས་ཀྱང་།  གལ་ཏེ་དཀའ་ཁག་དེ་རིགས་སེལ་བྱེད་ལ་གྲོགས་པོ་ཞིག་བསྟེན་དགོས་ཚེ། བློས་ཐུབ་ཀྱི་གྲོགས་པོ་ལ་ལ་ནི་ཡུལ་དུས་ཀྱི་གཞན་དབང་དུ་གྱུར་པས་རྔོ་མི་ཐོགས།  འགའ་ཞིག་ནི་རང་དང་འདྲ་བར་དཀའ་ངལ་དེ་རིགས་བསལ་བའི་ནུས་པས་དབེན།   རེ་འགའ་ནི་དོན་དེ་རིགས་ལ་སྤྲོ་བ་མེད་པས་རོགས་བྱར་མི་འདོད།   ཡང་རེ་འགས་གནད་དོན་དེ་འདྲ་ཨང་ཞེས་རང་ལ་ཁྱད་དུ་གསོད། འགའ་རེས་ནི་རེ་ལྟར་བྱས་ན་རིན་གོང་ག་ཚོད་སྟེར་ཞེས་བྱས་པ་རིན་དུ་འཇལ་བ་སོགས་ཀྱི་སྣང་ཚུལ་མང་དུ་འབྱུང་བའི་ཕྱིར་ན། ཡུལ་གང་དུ་ཕྱིན་ཀྱང་དུས་ནམ་ཞིག་ལ་འཁེལ་ཡང་གཞན་གྱི་ངོ་གདོང་ལ་མི་བལྟ་བར་ནམ་དགོས་འཕྲལ་དུ་བསྟེན་ཆོག་ཅིང་།   རིན་གྱིས་འཇལ་བ་དང་ལན་གྱིས་ལྡོན་པ་ལ་མི་བལྟ་བར། མི་ཚེའི་གཏན་གྱི་གྲོགས་སུ་འོས་པ་དཔེ་ཆ་ལས་ལྷག་པ་གང་ཡང་མ་མཆིས་པས།   དཔེ་ཆ་ལ་བལྟས་ན་འདུག་གྲོགས་མེད་པའི་སྐྱོ་བ་བསལ་ཞིང་།    དཔེ་ཆ་དང་འགྲོགས་ཚེ་མ་རིག་པའི་མུན་པ་དྲུངས་ནས་དྭངས།  དཔེ་ཆའི་གྲོགས་སུ་བསྟེན་པས་ཁྲེལ་དང་བག་ཡོད་ཐོག་མའི་དུས་བཞིན་ཡུན་ནས་ཡུན་དུ་གནས།    དཔེ་ཆའི་གྲོགས་དང་འགྲོགས་ཤེས་པ་ནས་དེ་ཡིས་ཁྱོད་ཀྱི་གསང་བ་ནམ་ཡང་ཕྱི་ལ་བརྡོལ་བར་མི་འགྱུར་སྟབས། དཔེ་ཆ་ལས་ལྷག་པའི་གང་བཅོལ་བློ་ཡིས་ཐུབ་པའི་གྲོགས་པོ་ཞིག་མེད་ལ།   དཔེ་ཆ་ལ་དོ་བའི་འགྲོགས་བདེ་བའི་མཛའ་བཤིས་ཀྱི་དྭངས་མ་མེད།   དཔེ་ཆ་ལས་གཞན་དུ་ངོ་ཚ་ཤེས་ཤིང་ཁྲེལ་ལྡན་གྱི་ནང་མི་གང་ཡང་མེད་ན།  དཔེ་ཆ་ནི་དགོས་འདོད་ཀྱི་ནོར་བུ་གཏམས་པའི་གྲུ་གཟིངས་ཆེན་པོ་ཞིག་དང་མཚུངས་པར།   རིག་གནས་ཀྱི་རྒྱགས་ཕྱེ་ཡིས་འཚོ་བའི་མི་རྣམས་ལས་ཀ་གང་ལ་ཞུགས་ཀྱང་།  ལུས་ཟུངས་ཀྱི་ལང་ཚོ་རྒྱས་ཤིང་རིག་པའི་ནོར་གྱིས་ཕོངས་པ་མེད་པར།  ཡུལ་དུས་གང་དུ་ཕྱིན་ཀྱང་ཐབས་ཀྱི་མི་རྡུགས་ཤིང་རིན་གྱིས་མི་དམན་པར།  གྲགས་པའི་དཔལ་གྱིས་འཚོ་ཞིང་སྙན་པའི་རྒྱན་གྱིས་བརྒྱན་པར་བྱེད་པ་དང་།   དཔེ་ཆ་ནི་བློ་གྲོས་ཀྱིས་རྒན་པའི་བགྲེས་སོང་བྱམས་ལྡན་ཞིག་དང་མཐུན་པར།  ནམ་ཡང་ལྟ་བ་བོ་རང་ལ་བརྩེ་བའི་སེམས་ཀྱིས་སྐྱོང་ཤིང་དགོས་པའི་ཐབས་རྒུ་སྩོལ་ལ། འདས་ཟིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཤགས་སུ་འགྱེད་ཅིང་མ་འོངས་པའི་ལམ་སྟོན་གྱི་སྒྲོན་མེ་ཐོགས་ཏེ། ཡུལ་གང་དུ་བཞུད་ཅིང་དུས་གང་དུ་བྱ་བ་ཅི་ཞིག་བྱ་བའི་ཕྱོགས་སྟོན་གནང་བ་དང་།  དཔེ་ཆ་ནི་མཛའ་བཤེས་ཟབ་ཅིང་ཕྱི་ཐག་རིང་བའི་མི་ཚེའི་གཏན་གྱི་གྲོགས་པོ་ཞིག་དང་ཀུན་ནས་མཐུན་པར།  རང་ཉིད་ལ་དབུལ་ཕྱུག་གི་འགྱུར་བ་ཇི་འདྲ་བྱུང་ཡང་ཉེ་བཏུད་རིང་བཀྱེད་གང་ཡང་མེད་ཅིང་།   ཚེ་འདི་ཙམ་དུ་མ་ཟད་སྐྱེ་བ་ཕྱི་མར་ཡང་གྲོགས་ཀྱི་དྭངས་མར་གྱུར་ཏེ། མཛའ་བ་མི་ལྷོད་ཅིང་བྱས་ན་ལན་གྱིས་ལྡོན་མིན་ལ་མི་བལྟ་བར་ལུས་དང་གྲིབ་མ་བཞིན་འགྲོགས་པར་འགྱུར་བ་ལགས་ན།     སུ་ཞིག་གིས་དཔེ་ཆ་བསྟེན་ན་དེ་ནི་ནམ་ཞིག་ཀུན་གྱི་གཉེན་དུ་འགྱུར། གང་ཞིག་གིས་དཔེ་ཆའི་ཀློང་མྱུལ་ན་དེ་ནི་ནམ་ཡང་གཞན་གྱི་གོང་ན་སྡོད། སུ་དག་གིས་དཔེ་ཆ་མང་དུ་བལྟས་ན་དེ་ནི་ཐབས་ཀྱིས་རྡུགས་པའི་སྐབས་མེད་པར། རིག་པའི་མཛོད་དང། ཀུན་གྱི་མགོན།  ནད་ཀྱི་སྨན་དུ་འགྱུར་བ་འདོན་མི་ཟ་བ་ནི། མ་བསླབ་པ་ལ་ཀུན་མཁྱེན་དུ།། འགྲོ་ན་རྒྱུ་འབྲས་ག་ལ་ལྡན། །ཞེས་པ་ལྟར། མི་སུ་དང་གང་གིས་ཀྱང་དཔེ་ཆ་ལ་བལྟས་ཤིང་། དེ་ལས་ཐོབ་པའི་ཡོན་ཏན་གྱིས་རང་ཉིད་འཇོན་ཐང་ཅན་དུ་བསྒྱར་པར་མ་ཟད། སློབ་གྲྭ་རུ་བསླབས་པའི་ཡོན་ཏན་དེ་ཙམ་གྱིས་མི་ཚེ་ཧྲིལ་བོ་ལེགས་པར་བསྐྱལ་ཐུབ་པ་ཞིག་གང་དུའང་མེད་ཅིང་ནམ་དུ་ཡང་མི་འབྱུང་བས།  མི་སུ་དང་གང་གིས་ལས་ཀ་ཅི་ཞིག་བྱ་ཡང་དཔེ་ཆ་དང་འབྲལ་ཐབས་མེད་ལ། ལྷག་པར་ཁ་ཡི་ནུས་པ་ལ་བརྟེན་ནས་རང་ཁ་གསོ་བར་བྱེད་པའི་དགེ་རྒན་གྱི་རིགས་ལ་མཚོན་ན། དེ་སྔ་སློབ་མ་ཡིན་པའི་སྐབས་སུ་སྦྱངས་བའི་ཤེས་བྱ་ཙམ་གྱིས་མི་ཚེ་ཧྲིལ་བོར་འདང་ངེས་པ་ཞིག་ཡོད་པ་ནམ་ཡང་མི་སྲིད་ཅིང་།  སློབ་གྲྭར་སྦྱངས་བའི་ཤེས་བྱ་ནི་རང་ཉིད་ཀྱི་མི་ཚེ་འདི་རིག་པའི་གླིང་དུ་ཇི་ལྟར་བགྲོད་པའི་ལམ་སྟོན་ཙམ་ལས།  མི་ཚེ་ཧྲིལ་བོའི་འཚོ་རྒྱགས་ཡོངས་རྫོགས་མ་ཡིན་པས།  དཔེ་ཆར་མི་བལྟ་བ་ནི་ལས་རིགས་འདི་ལ་གཏན་ནས་རུང་བ་མ་ཡིན་པས། མ་མཐའ་ཡང་ཉི་མ་རེ་ལ་དཔེ་ཆ་ཤོག་ལྷེ་ཉི་ཤུ་ཡན་བལྟ་ཞིང་། ཟླ་བ་གཅིག་གི་ནང་དུ་དཔེ་ཆ་འགའ་རེ་བཀླག་དགོས་པ་ནི།  དགེ་རྒན་གྱི་ལས་ལ་བརྟེན་པའི་མི་ཞིག་གི་ཆེས་རྩ་བའི་ལས་ཀ་ཞིག་ཡིན་ན། ཁོམ་ལོང་སྐར་མ་ཅི་ཡོད་དཔེ་ཆའི་སྟེང་ལ་སྤྱད་ཅིང་། དཔེ་ཆར་བལྟ་བ་ཉིན་རེའི་འཚོ་བའི་གོམས་སྲོལ་དུ་བཟུང་ནས།  ས་ལ་སྡོད་པའི་སྐབས་དང་། མལ་དུ་ཉལ་བའི་སྐབས། ངལ་གསོ་སོགས་ཀྱི་སྐབས་ཐམས་ཅད་དུ་དཔེ་ཆ་ལག་དང་མ་འབྲལ། མིག་ཤེས་དོན་མེད་ལ་མི་བརྫོད།  རིག་པ་རྒྱ་ཡན་ཏུ་མི་བཏང་བར།  སློབ་མའི་འཕེལ་རྒྱས་ཀྱི་སླད་དུ་དཔེ་ཆ་གྲོགས་སུ་བསྟེན། མི་རིགས་ཀྱི་འདུན་མ་འགྲུབ་ཕྱིར་ནམ་ཡང་དཔེ་ཆར་འགྲོགས། རང་ཉིད་སྤྱོད་ཡོན་གཉིས་ལྡན་གྱི་མི་འཇོན་ཐང་ཅན་དུ་འགྱུར་བ་ལ་དཔེ་ཆ་བལྟ་བའི་གོམས་སྲོལ་ལོབས་ཤིང་།  དཔེ་ཆར་བལྟ་བ་ལ་དུས་ཚོད་ཀྱི་སྔ་ཕྱི་མེད་པས། དུས་དེ་རིང་ནས་མགོ་བརྩམས་ཏེ་དཔེ་ཆ་དང་མི་འབྲལ་བར་བྱའོ། །

བཞི་བ། དགེ་རྒན་ཞིག་ཡིན་ན་ཕྱོགས་ཡོངས་ནས་སློབ་མའི་མིག་དཔེར་འཕེར་བ་ཞིག་ཡིན་དགོས་པ།

མི་ཞིག་འཇིག་རྟེན་འདི་ལ་ཐོག་མར་སླེབས་པ་ནས་གྱ་ཙར་གོམ་པ་བགྲོད་ལུགས་དང་། ཟ་མ་བཟའ་སྟངས། སྐད་ཆ་བརྗོད་ལུགས།  གོན་པ་གྱོན་སྟངས་དང་བཅས་པ་གཞན་ལ་ལད་མོ་ཟློས་པ་ལས་རིམས་ཀྱིས་ཤེས་པ་ཡིན་ཞིང་།  མ་བསླབས་མ་སྦྱངས་པར་རང་ཉིད་སྐྱེས་པ་ཉིད་ནས་ཁོར་ཡུག་དེ་དང་མཐུན་པའི་རིག་གནས་གོམས་སྲོལ་ལྡན་པའི་ཡོན་ཏན་འཕེར་བོ་ཞིག་མི་སུ་ལའང་ཡོད་མ་ཡིན་པས།  ཁོར་ཡུག་ཇི་འདྲ་བ་ཡིས་མི་དེ་འདྲ་བ་སྐྱེད་ཅིང་།  མི་ནི་ཁོར་ཡུག་གི་ཐོན་རྫས་ཁྱད་པར་བ་ཞིག་ཡིན་པས།  ཁྱེའུ་ཞིག་ཐོག་མར་རིགས་གང་དུ་སྐྱེས་པ་གཙོ་བོ་མ་ཡིན་པར།  གང་དུ་འཚོ་བའི་ཁོར་ཡུག་འཚོ་བོ་ཡིན་པ།  སྤྱང་ཀིའི་ཚོགས་སུ་འཚོ་བའི་བྱིས་པས་སྤྱང་སྐད་རྒྱག་ཅིང་ཤ་རྗེན་ཟ་བ་དང་། རྒྱ་ཡི་རིགས་སུ་སྐྱེས་ཀྱང་བོད་ཡུལ་དུ་ནར་སོན་པའི་བྱིས་པ་དག་གིས་བོད་པ་བཞིན་བྱེད་པའི་དངོས་དོན་མང་པོས་དངོས་ར་སྤྲོད་པ་ལྟར།  ཁོར་ཡུག་གི་ཤུགས་རྐྱེན་ནི་མི་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་ཕྱིར། སྔོན་ནས་ད་ལྟའི་བར་དུ་རྒྱལ་ཁབ་དང་མི་རིགས་གང་གི་གྲས་སུའང་།  ཆོས་ཁང་དང་། དགོན་པ། སློབ་གྲྭ་སོགས་མི་མང་པོ་ལྷན་དུ་འདུས་ཤིང་། དགེ་རྒན་དག་གིས་སློབ་བུ་མང་པོ་ལ་དུས་གཅིག་ལ་ཁང་པ་གཅིག་ཏུ་སློབ་ཁྲིད་བྱེད་པའི་སྲོལ་མ་ཉམས་པར་སྔར་བཞིན་གནས་ཤིང་།  ཐ་ན་སློབ་གྲྭའི་བཟོ་བཀོད་ཀྱི་བཀོད་པ་མི་ལེགས་ཀྱང་སློབ་སྦྱོང་གི་གོམས་སྲོལ་བཟང་བོའི་སློབ་གྲྭ་དག་ལ་ཕ་མ་དང་བུ་ཕྲུག་སུ་ལའང་རེ་བ་ཆེ་བ་ནི།   མི་ཡི་གྲས་སུ་རང་རྟོགས་ཀྱིས་རང་གི་ལུས་སེམས་ཆུན་ཞིང་རང་འགུལ་གྱིས་བསླབ་ལ་དཀའ་བ་སྤྱོད་པའི་མི་ནི་ཉིན་མོའི་སྐར་མ་ལས་ཀྱང་ཉུང་ཞིང་།   འདི་ནི་མི་ཡི་རིགས་ལ་ཐུན་མོང་དུ་མངའ་བའི་སྤྱི་ཆོས་ཤིག་ཀྱང་ཡིན་པས། བོད་ཀྱི་ཡུལ་དུ་ཆོས་གྲྭ་འགྲིམས་ན་དབུས་གཙང་གི་ཡུལ་ལ་འགྲོ་བ་དང་། དེང་གི་དུས་སུ་སློབ་གྲྭར་འགྲོ་ཚེ་ཕྱི་རྒྱལ་དང་པེ་ཅིང་སོགས་ལ་འགྲིམས་པ་ནི། མཐར་གཏུགས་ན་ཡུལ་དེ་གའི་སློབ་སྦྱོང་གི་ཆ་རྐྱེན་ལེགས་པ་ཉིད་དང་དམ་དུ་འབྲེལ་ཕྱིར། གློག་ཀླད་དྲ་རྒྱ་སོགས་ཀྱི་ཆ་རྐྱེན་ཅ་ནོམ་པའི་དེང་གི་དུས་སུའང་མི་རིགས་ཚང་མ་འཚང་ག་ཤིག་ཤིག་གིས་སློབ་གྲྭར་འགྲིམས་པ་ནི།   རང་རྟོགས་མེད་པའི་མི་རྣམས་ཕྱི་ཡི་ཁོར་ཡུག་དང་། གྲོགས་ཀྱི་འགྲན་རྩོད། ལྷག་པར་དགེ་རྒན་གྱི་སློབ་གསོ་བཅས་ལ་བརྟེན་ནས།  རང་རྟོགས་ཀྱི་བསམ་བློ་བསྐྱེད་ཅིང་བྱིས་པ་དག་གི་ནུས་པ་སྔོག་པར་བྱེད་པ་བཅས་ཀྱི་སླད་ཡིན་པས། སློབ་གྲྭའི་ཁོར་ཡུག་རྒྱ་ཆེན་པོ་དེའི་ནང་དུ་སྡོད་པའི་མི་རྣམས་ལས་རིགས་ཀྱི་ཆ་ནས་དབྱེ་ན།  དགེ་རྒན་དང་། སློབ་མ། ལས་བཟོ་བ་གསུམ་དུ་འདུ་ཞིང་། དེའི་ནང་དུ་དགེ་རྒན་རྣམས་ནི་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་མཁན་དང་།  སློབ་གསོའི་ལས་ཀ་བྱེད་མཁན་གཙོ་བོ་ཡིན་པས།  དགེ་རྒན་དག་ལ་སློབ་མ་ལེགས་པའི་ལམ་དུ་འཁྲིད་པ་དང་། སློབ་མའི་སློབ་སྦྱོང་གི་ནུས་པ་གསོ་བའི་འགན་འཁྲི་ལྡན་ཞིང་། སློབ་གསོ་ཞེས་པའི་འགག་རྩའང་སློབ་མ་དག་གི་ལུས་སེམས་གསོ་བ་དང་། རིག་གནས་སློབ་པའི་ནུས་པ་གསོ་བ། དེ་ལ་བརྟེན་ནས་སློབ་གྲྭ་གསོ་བ་བཅས་ཀྱི་དོན་ལས་མི་འདའ་ན། དགེ་རྒན་རྣམས་ནི་སློབ་ཁྲིད་དང་སློབ་གསོའི་བྱ་བ་ཀུན་གྱི་སྲོག་ཤིང་ལྟ་བུར་གྲུབ་ཅིང་།  སློབ་བུ་དག་གིས་སློབ་གྲྭ་དེ་རུ་ཅི་ཞིག་བསླབ་པ་དང་། གང་ལྟར་བསླབ་པ་དང་། དེ་ལྟར་བསླབ་ནས་མཐར་ཐུག་མི་ཇི་འདྲ་བ་ཞིག་བྱེད་པའི་མིག་དཔེ་ནི། ཁོར་ཡུག་དེ་རུ་དགེ་རྒན་དག་ལ་དཔེར་བལྟ་བ་ལས་གཞན་གང་ཡང་མ་མཆིས་པས། རྒྱ་རིགས་ཀྱི་གཏམ་དཔེ་རུ། དགེ་རྒན་ནན་མོ་ཡིན་ན་སློབ་མ་ལེགས་པོ་འཁྱོངས།། ཞེས་པ་དང་། བོད་པའི་དམངས་ཁྲོད་དུའང་དགེ་རྒན་ཚྭ་ཁུ་བཟའ་རྒྱུར་དགའ་ན།། དགེ་ཕྲུག་སྒོག་པ་བཟའ་རྒྱུར་དགའ།། ཞེས་པ་དང་། དགེ་རྒན་སྣ་ཐ་ལ་དགའ་ན། དགེ་ཕྲུག་ཇ་བཞུར་ལ་དགའ།། ཞེས་པ་སོགས་མང་དུ་འབྱུང་བ་བཞིན། དགེ་རྒན་གྱི་གཏམ་བརྗོད་འདུག་སྟངས་དང་། ཡིག་བྲིས་ཡོན་ཏན། གོན་པ་ཆ་ལུགས། ཐ་ན་ལུས་ཀྱི་བཟོ་ལྟ་དང་བཅས་པ་ནི། སློབ་མ་དག་གི་མིག་མདུན་དུ་སྣང་བའི་དཔེ་གཞི་གསོན་ཉམས་ལྡན་པ་ཞིག་ཡིན་པས།  དགེ་རྒན་ཡང་ཚེ་སྲོག་གི་འཕར་རྩ་དྲག་ཏུ་ལྡིང་བཞིན་པའི་མི་ཞིག་ཡིན་ཞིང་། དེང་རབས་ཀྱི་སློབ་གྲྭ་དག་ཏུ་བགྲང་བྱ་དྲུག་ཅུར་བརྒལ་བའི་དགེ་རྒན་རྒན་གྲས་ཀྱི་རིགས་ནི་ཧ་ཅང་ཉུང་བས།  དགེ་རྒན་ཞིག་ཡིན་ན་མཛེས་སྤྲས་ལ་མི་དགའ་བ་དང་། རང་ཤེད་སྣང་མཐོ་བྱ་བ་ལ་མ་དགའ་བ་མ་ཡིན་ལ་དེ་ལྟར་གཏན་ནས་བྱ་མི་ཆོག་པའང་མ་ཡིན་ཡང་། སློབ་མའི་མིག་དཔེ་བྱེད་པའི་དགེ་རྒན་ཞིག་ཏུ་གྱུར་ཚེ།  སློབ་གྲྭ་རུ་སྡོད་དུས་སློབ་མའི་མདུན་དུ་གོན་པ་ཇི་ལྟར་གྱོན་ལུགས་དང་བཟའ་བཏུང་གང་ལྟར་སྤྱོད་ལུགས་དང་བཅས་པར་གཟབ་གཟབ་བྱ་དགོས་པར་མ་ཟད། སློབ་ཁྲིད་བྱེད་པའི་དུས་སུ་སྐད་ཆ་ཇི་ལྟར་བཤད་པ་དང་། འཁྲིད་སྟངས་ཇི་འདྲར་བྱེད་པ་སོགས་ལ་དོ་ཁུར་ནན་མོ་བྱ་ཞིང་། ནམ་ཡང་ཁ་དན་དོན་ལ་གནས་ཤིང་། བཤད་པ་ལག་ཏུ་སྟོར་བའི་ལག་ལེན་པ་ཞིག་བྱ་བ་ལས། ཁ་སྟོང་ནང་ནས་ལ་རྒྱ་འདོན་མཁན་དང་།ལག་ལེན་མེད་པའི་སྟོང་གཏམ་ལབ་རྒྱག་མཁན་ཞིག་གཏན་ནས་མི་བྱ་བར། སློབ་ཁྲིད་ཀྱི་ཐད་དུ་དགེ་རྒན་དང་། སྤྱོད་ལམ་གྱི་ཆ་རུ་མིག་དཔེ། མི་གཤིས་ཀྱི་ཕྱོགས་སུ་དཔེ་ལྟོས་ཀྱི་ནུས་པ་བཏོན་ཏེ། ནམ་ཡང་རང་ཉིད་ཀྱི་ལུས་སེམས་དང་སྤྱོད་ལམ་སོགས་ལ་ཡང་ཡང་བརྟག་ཅིང་། སྤྱོད་པ་ལེགས་པ་དགེ་དང་། ཡོན་ཏན་ལྡན་པ་རྒན་ཞེས་པའི་ཚད་ལྡན་གྱི་དགེ་རྒན་ཞིག་བྱ་རྒྱུ་ནི། ལས་རིགས་འདི་ཡི་ཚད་གཞི་ཞིག་ཏུ་གཟུང་བར་བྱའོ། །

ལྔ་བ། དགེ་རྒན་ཞིག་ཡིན་ན་དུས་ཚོད་དམ་འཛིན་བྱེད་པའི་མི་འཇོན་ནུས་ཅན་ཞིག་ཡིན་དགོས་པ།

དེ་ཡང་མི་ཚེ་ཞེས་པའི་ཚེ་ནི་དུས་ཚོད་ཀྱི་དོན་ཡིན་པ། ཚེ་རིང་། ཚེ་ཐུང་། ཚེ་ཚད། ཚེ་ལོ་ཞེས་པ་སོགས་ཀྱི་དཔེ་དག་ལས་ཤེས་ཤིང་། མི་ཞིག་གི་ཚེ་ལོ་གཅིག་གི་ཡུན་ཚད་ནི་ལོ་རེར་ཉིན་ཞག་༣༦༥ཡིན་པའི་དབང་དུ་བྱས་ན། མི་ཞིག་གལ་ཏེ་དགུང་གྲངས་བརྒྱད་ཅུ་གྱ་གསུམ་ཐུབ་པའི་དབང་དུ་བྱས་ཚེ་ཉིན་ཞག་སུམ་ཁྲི་ལས་མེད་ཕྱིར། ཇི་སྐད་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླང་བར་བགྱི།། ཞེས་གསུངས་པ་ལྟར། མི་ཚེ་ལ་ཉི་མ་གཅིག་རྫོགས་པས་ཚེའི་ཚད་ཀྱི་ཆ་ཤས་ཤིག་འགྲིབ་ཀྱིན་ཡོད་པའི་ཁར། མི་ཞིག་གི་ཚེ་ཚད་ལ་ལོ་གྲངས་ག་ཚོད་ཡོད་པའི་གདེངས་ཚོད་སྐྱེ་བོ་མཆོག་དམན་བར་མ་གང་ལའང་ཡོད་པ་མ་ཡིན་པས། མི་ཚེ་དོན་ལྡན་དུ་བྱ་བའི་སྙིང་བོ་ནི། ཚེ་ཡི་འཕེན་པ་རྫོགས་པའི་རྗེས་སུའང་ད་དུང་བྱས་པ་དྲིན་དུ་དྲན་པའི་སྒོ་ནས་མིང་ནས་ཡང་ཡང་འབོད་ཅིང་།  མི་ནི་ཤི་བར་གྱུར་ཀྱང་མིང་ནི་མ་ཉམས་པར་མི་ཡི་རབས་བརྒྱུད་དུ་མར་འབོད་པར་བྱ་བ་དེ་ཡིན་ཡང་། དེ་ལྟའི་མི་ཚེ་རིན་ཐང་ཅན་ཞིག་རོང་འབྲོག་སྐྱེ་བོ་ཕལ་བའི་ཚོགས་ལ་ཡོད་རེ་སྐན་ཡང་། དགེ་རྒན་གྱི་མིང་དུ་བཏགས་པའི་མི་ཞིག་ཡིན་ན་མ་མཐའ་ཡང་སློབ་མ་དང་དེའི་བརྒྱུད་དང་བཅས་པས་ཡང་ཡང་གླེང་དུ་ཡོད་པའི་པན་པའི་ལས་ཀ་ཞིག་ཅིས་ཀྱང་བྱ་དགོས་ཕྱིར།   དགེ་བཤེས་ཆོས་ཀྱི་གྲགས་པའི་ཞལ་ནས་ཀྱང་། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར།། ཤི་ཡང་ཕྱི་མིག་ལྟ་བའི་རེ་བ་ཡིས།། སྐྱེ་བོ་ཐམས་ཅད་རང་གི་ལག་རྗེས་ཙམ།། ཤུལ་དུ་ལུས་པའི་འབད་པ་ངང་གིས་བྱེད།།  འདི་ན་འགའ་ཡིས་རང་གི་རྒྱུད་འཛིན་བུ་དང་སློབ་མ་རྗེས་སུ་བཞག། དེ་བཞིན་གཞན་གྱིས་ལེགས་བཤད་ནོར་དང་སྙན་པའི་གྲགས་པ་རྗེས་སུ་བཀོད།།  ལ་ལ་འཆད་ཉན་ཆོས་ཀྱི་སྡེ་དང་རྟེན་རྣམས་བཞེངས་ནས་འདས།། གཞན་གྱི་ལག་རྗེས་བསགས་པའི་ནོར་དང་མཛེས་པའི་ཁང་ཁྱིམ་འདི་དག་ལགས། ཞེས་པའི་བསྟན་པ་ལྟར་ཡིན་མོད།  ངེད་ཅག་གིས་སྲིད་གཞུང་གིས་བསྐྲུན་པའི་སློབ་གྲྭའི་ར་བ་ཉམས་དགའ་བ་འདི་རུ། གཞུང་བསྐོས་ཀྱི་སློབ་བུ་འདི་དག་ལ་ཟླ་ཕོགས་ཀྱི་རིན་འབབ་དང་མཐུན་པའི་རིག་གནས་ཡང་དག་ཅིག་འཁྲིད་ཅིང་སློབ་བུ་དག་ལེགས་ལམ་ལ་བཀྲི་བའི་དགེ་བའི་ལས་ཀ་ཞིག་བྱེད་པ་ནི། དགེ་རྒན་གྱི་མིང་དང་ལྡན་པ་དག་གིས་ངེས་པར་བསྒྲུབ་འོས་ཤིང་ཚད་གཞི་ཆེས་དམའ་བའི་ལས་ཀ་ཞིག་ཡིན་ན། ཞིང་འབྲིག་དམངས་ཚོགས་ཕལ་བ་བཞིན་ཉི་ཟླའི་འཆར་ནུབ་དང་དུས་བཞིའི་འཕེལ་འགྲོས་ཀྱི་ལས་ཀའི་ཁྱད་པར་ལྟར་བག་ཡངས་ཞེ་ལྷོད་དུ་སྡོད་མི་ཆོག་པར། ལོ་རེའི་ཉིན་མཚན་གྱི་གྲངས་ཀ་དུས་ལ་བཅད་ཅིང་། དུས་ཀྱི་ཁྱད་པར་འཕྲུལ་ཆས་སོགས་ཀྱིས་སྟོན་པ་ལྟར། ནངས་སྔ་ལངས་དང་དགོང་འཕྱིར་ཉལ་གྱི་སྒོ་ནས་དུས་ཀྱི་ཚོད་ལ་བསྟུན་ཞིང་། དུས་ཀྱི་ཐག་གཅོད་ལྟར་ལས་ཀ་རྩག་རྩིག་ལེགས་པར་བསྒྲུབ་པ་ནི། དུས་ཀྱི་ངོ་བོར་བསྒོས་པའི་སྒྲིག་ལམ་ཡིན་ལ། དགེ་རྒན་ཞིག་གིས་ངེས་པར་བརྩི་འོས་པའི་ལས་ཀའི་བསྲུང་བྱ་ཞིག་ཀྱང་ཡིན་པས། དུས་ལ་ནོར་འཛོལ་བྱུང་ན་ལས་ཀའི་གོ་རིམ་འཆོལ་ཞིང་། ལས་ཀའི་དུས་ཚོད་འཆོར་བ་ནི་སྔོན་ནས་ད་ལྟའི་བར་དུ་རིག་པ་སློབ་པའི་དགོན་སྡེ་དང་སློབ་གྲྭ་གང་གི་འགྲིག་ལམ་དང་ཡང་མཐུན་པ་མ་ཡིན་པས།  དུས་ཚོད་ཀྱི་འདུ་ཤེས་གསལ་བོ་ཡོད་པའི་མི་སྒེར་དང་སྲིད་གཞུང་གང་ཞིག་ཡིན་ཡང་། དེ་ལ་འགྲིག་ལམ་གྱི་འདུ་ཤེས་གསལ་བར་ཡོད་པ་དང་། འགྲིག་ལམ་གྱི་འདུ་ཤེས་ཡོད་པའི་རིགས་ལ་ད་དུང་གཞན་དང་མི་མཐུན་པའི་འབྲས་བུ་གཡུར་དུ་ཟ་བ་ཡོད་པ་ལོ་རྒྱུས་ཀྱི་དངོས་དོན་མང་པོ་དང་། མི་རིགས་སོ་སོའི་སྐྱེས་ཆེན་བགྲང་ལས་འདས་པའི་རྣམ་ཐར་སོགས་ལས་བདེན་དཔང་བྱེད་པའི་ཕྱིར་ན། ངེད་ཅག་ནི་སློབ་བུ་དག་གི་མི་ཚེ་ལ་དུས་ཚོད་ཀྱི་འདུ་ཤེས་བསྐྲུན་མཁན་གྱི་ལམ་བུ་ཁོ་ན་ཡིན་པས། ལམ་མཁན་རང་ལ་དུས་ཀྱི་འདུ་ཤེས་མེད་ན། མི་ཚེའི་བགྲོད་ལམ་ཇི་ལྟར་བགྲོད་ལུགས་སློབ་པའི་སློབ་མ་རྣམས་ལ་དེ་སྔའི་ཞིང་འབྲོག་གི་ལས་ཀ་གཉེར་བའི་ཕ་མ་ཉེ་དུ་རྣམས་ཀྱི་སོས་དལ་བག་ཕེབས་ཀྱི་བག་ཆགས་དེ་ལས་ཇི་ལྟར་འགོང་པའི་དཔེ་སྟོན་པས་སྟོང་ཕྱིར།  མི་རབས་ནས་མི་རབས་ལ་ངང་ལྷོད་སྒྱིད་ལུག་གི་སྤྱོད་པ་དེ་ལས་ཐར་ཐབས་མེད་པར་ལུས་ན།  ངེད་ཅག་གིས་ཟས་ཁམ་གང་ཟ་བའི་ཡུན་ལ་གཞན་དག་གིས་ཁམ་འགའ་རེ་བཟའ་ཞིང་། དེ་ལྟར་ཉིན་བཞིན་བརྩེག་པས་རང་གི་སྐལ་བ་ཡང་རང་མི་དབང་བའི་དུས་ཤིག་བྱུང་དང་འབྱུང་གིན་ཡོད་པ་ཤེས་པར་བྱས་ཏེ། ཐ་ན་དུས་ཚོད་སྐར་ཆ་ཅི་ཙམ་ལ་ཡིག་འབྲུ་ག་ཚོད་བཀླག་དགོས་པ་དང་། ཉིན་གཅིག་གི་བཟའ་བཏུང་གི་དུས་ཡུན་ཅི་ཙམ་ལ་བྱེད་པ་ཡན་ཆད་ཀྱི་འདུ་ཤེས་གསལ་བོ་ཆགས་ཤིང་། ལྷག་པར་དུས་ཚོད་ཤེས་པས་མི་ཆོག་པར། གཙོ་བོ་རྒྱུན་འཆར་ལག་ཏུ་འཁེལ་བ་བྱ་རྒྱུ་ཤིན་ཏུ་གལ་ཆེ་བས། བྱ་བ་དུས་ལ་བགོས་ཤིང་། དུས་ཚོད་གོམས་སྲོལ་དུ་བྱས་ཏེ།  ལས་ཀ་ཅི་བསྒྲུབ་དུས་བཅད་ལྟར་ལེགས་འགྲུབ་བྱ་བར་བརྩོན་པ་རྒྱུན་གོམས་སུ་འགྲོ་བར་བྱའོ། །

དྲུག་པ།  དགེ་རྒན་ཞིག་ཡིན་ན་སློབ་གསོའི་བྱ་བ་ལ་ཞིབ་འཇུག་བྱེད་པའི་མི་ཞིག་ཡིན་དགོས་པ།

སློབ་གྲྭ་ཞེས་པ་ནི་ཕྱི་ར་བ་དང་ནང་གི་ཁང་ཁྱིམ་ཁོ་ནས་གྲུབ་པ་ཞིག་གཏན་ནས་མ་ཡིན་པར། གཙོ་བོ་རིག་གནས་ཀྱི་རྒྱགས་ཕྱེ་འཚོལ་བའི་སློབ་མ་ཡོད་པས་སློབ་གྲྭར་འབོད་པ་དང་། དེ་ཡི་དབང་གིས་རིག་གནས་མི་ཚེའི་འཚོ་རྟེན་དུ་བྱེད་པའི་དགེ་རྒན་གྱི་ལས་ཀ་བྱུང་ཞིང་དེ་སྒྲུབ་མཁན་གྱི་མི་མང་པོ་ཞིག་ལ་ད་གཟོད་དགེ་རྒན་ཞེས་པར་འབོད་པ་ཡིན་པས། སློབ་མ་དང་དགེ་རྒན་ནི་སློབ་གྲྭ་ཞིག་གི་འགྲུབ་རྒྱུ་གཙོ་བོ་དག་ཡིན་ཞིང་། དེ་ཡང་སློབ་ཁྲིད་ཀྱི་ལས་ཀ་ལ་བརྟེན་ཅིང་འབྲེལ་བར་གདའ་ཕྱིར།  དགེ་རྒན་གྱིས་ཅི་ཞིག་འཁྲིད་པ་ལ་བསླབ་དེབ་དང། ཇི་ལྟར་འཁྲིད་པ་ལ་འཁྲིད་ཐབས་དང་།  གང་ལ་འཁྲིད་པ་ལ་སློབ་མ་བཅས་ནི་ངེས་པར་མེད་ཐབས་མེད་པས། བསླབ་དེབ་ནི་ཅི་ཞིག་འཁྲིད་བྱའི་དཔེ་གཞི་ཙམ་ལས་གང་ཞིག་འཁྲིད་བྱའི་ནང་དོན་ཡོད་ཚད་མ་ཡིན་པས། དགེ་རྒན་དག་གིས་སློབ་ཁྲིད་དངོས་གཞི་མ་ཚུགས་པའི་གོང་རོལ་ལ་ཅིས་ཀྱང་བསླབ་དེབ་ཀྱི་སྒྲིག་གཞི་དང་། ནང་དོན། དམིགས་ཚད་བཅས་ལ་ཡང་ཡང་དཔྱད་ཅིང་།  སྐད་ཡིག་ལྟ་བུར་མཚོན་ན་དེབ་དེའི་ནང་དུ་ཐ་སྙད་ག་ཚོད་ཤེས་དགོས་པ་དང་། ཚིག་གི་སྦྱོར་བ་ཅི་དང་གང་འདྲར་འདྲིས་སུ་འཇུག་པ། རྩོམ་ཡིག་གང་དག་འཁྲིད་པ་བརྒྱུད་ནས་ཀློག་པ་དང་བཤད་པ་དང་འབྲི་བའི་ནུས་པ་ཅི་འདྲ་སྐྱེད་དུ་བསྲིང་བ་བཅས་ངེས་པར་བྱས་རྗེས། གང་ལ་འཁྲིད་བྱའི་འཛིན་གྲྭའི་རིམ་པ་དང་། འཛིན་གྲྭ་དེའི་སློབ་མའི་གྲུབ་ཚུལ། སློབ་མ་དག་གི་རྨང་གཞིའི་ཁྱད་པར། ཐ་ན་སློབ་སྦྱོང་གི་སྤྲོ་བ་བཅས་རྒྱུས་ལོན་གསལ་བོ་བྱེད་པ་དང་ཆབས་ཅིག་ཏུ། འཁྲིད་བྱའི་ནང་དོན་དེ་རིགས་ཇི་ལྟར་འཁྲིད་པའི་ཐབས་གང་ཞིག་བསྟེན་པར་བྱ་བའི་ཐད་དུ། མི་རིགས་ཐ་དད་པའི་སློབ་མ་རྣམས་ལ་རིག་གནས་གོམས་སྲོལ་མི་འདྲ་བའི་དབང་གིས། བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱང་མི་འདྲ་བ་ཡོད་པའི་ཆོས་ཉིད་དང་མཐུན་པར།  ཐོག་མར་སློབ་མ་ཐུན་མོང་གི་འཚོ་བ་དང་འདྲིས་ཆེ་བའི་ཤེས་བྱ་རྒྱུགས་ཆེ་ཞིང་རྟོགས་སླ་བ་ནས་མགོ་བརྩམས་ཏེ། རིག་པ་ཡས་བགྲོད་ཀྱི་སྒོ་ནས་སློབ་པའི་ཐབས་སྩོལ་ཞིང་། དེ་ལ་ཡང་སློབ་མའི་སྤྲོ་བ་འདེགས་པ་གལ་ཆེ་བས། དགེ་རྒན་རང་གི་སྐད་ཆ་བརྗོད་ལུགས་དང་། ལུས་ཀྱི་སྟངས་སྟབས།  ལག་པའི་ཕྱག་རྒྱ། སྒོ་སམ་བཀོད་སྒྲིག དྲི་བ་འདོན་ལུགས་བཅས་ཀྱང་དུས་བསྟུན་བཅོས་བསྒྱུར་དང་། བབ་བསྟུན་གང་འཚམ་དུ་སྤྱད་དེ། སློབ་མ་རྣམས་ནམ་ཡང་འཁྲིད་བྱའི་བསླབ་ཚན་དེ་ལ་རེ་བསྒུག་ཆེ་ཞིང་།  འཁྲིད་མཁན་དགེ་རྒན་དེ་ལ་ནམ་ཞིག་འཕྲད་འདོད་སྐོམ་པ་ཆུ་འདོད་བཞིན་ཆེ་ན། སློབ་མ་རྣམས་རང་བཞིན་གྱིས་བསླབ་བྱ་དེ་སྦྱང་བའི་སྤྲོ་བ་འཕེལ་ཞིང་། དགེ་རྒན་དེ་ལ་དད་པ་ངང་གིས་འབྱུང་བས།  དགེ་རྒན་ལ་གུས་པ་ཞེས་པ་ནི་མ་གཞི་སློབ་མ་རྣམས་ཀྱིས་དགེ་རྒན་དེ་དང་དེས་འཁྲིད་བྱའི་བསླབ་ཚན་ལ་འཆིང་བའི་ལྟ་ཚུལ་ཞིག་ཡིན་པས། དགེ་རྒན་ནི་སློབ་མ་རྣམས་བསླབ་ཚན་དེའི་དཀྱུས་ལམ་ལ་བཀྲི་བའི་ལམ་པ་དང་། རིག་པའི་རྟ་མཆོག་དེ་རིགས་བང་དུ་སྐུལ་བའི་འཆིབ་པ་ལྟ་བུའང་ཡིན་པས། སློབ་ཁྲིད་ཀྱི་སྤུ་ཀ་ཇི་འདྲ་ཡིན་པ་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ལ་བརྟག་གི སློབ་མའི་ཚོགས་ཀྱི་རིག་པ་བཟང་ངན་ལ་བརྟག་པར་བྱ་རུ་མེད་པས། དགེ་རྒན་ཞེས་པ་ནི་ཡིག་ཆ་སྒྲོག་འདོན་པ་ཞིག་གཏན་ནས་མ་ཡིན་ལ། སློབ་མ་རྣམས་སློབ་གྲྭའི་ར་བར་འཚོ་བའི་རྫི་བོ་ཞིག་དེ་བས་ཀྱང་མ་ཡིན་པར། གང་ཞིག་འཁྲིད་བྱའི་ནང་དོན་སྤྱི་མཚན་པ་དང་ལྐོག་གྱུར་པ་དེ་རིགས་སྐད་ཆའི་སྨྲ་དག་ཅིང་བརྗོད་པ་གནད་དུ་འདྲིལ་བ།  ཅི་བཤད་རིམ་པ་གསལ་ཞིང་ཡིད་ལ་འཛིན་བདེ་བ།  ཤེས་བྱའི་གནད་འབིག་ཅིང་རིགས་འགེབས་བྱ་སླ་བ། སྦྱང་འདོད་ཀྱི་སྤྲོ་བ་འདེགས་ཤིང་རིག་གནས་ལ་དགའ་བའི་འདུ་ཤེས་བསྐྱེད་པ་ནི། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཚེ་སྲོག་དང་ལྡན་པའི་མི་ལུས་ལ་དབུགས་ཀྱི་རྒྱུ་བ་ནམ་ཡང་ཁྱབ་འདུག་པ་བཞིན། སློབ་ཁྲིད་ཀྱི་བྱ་བ་ལ་ཟློས་གར་མཁན་པོའི་ཉམས་འགྱུར་དང་། རྒྱང་སྒྲོག་པ་ཡི་སྐད་གདངས། གྱེར་འདོན་པ་ཡི་འགྱུར་ཁུགས། བཞད་གར་པ་ཡི་སྤྲོ་ཉམས། རིག་གནས་པ་ཡི་ཡོན་ཏན།  ཤེས་བྱའི་ལམ་སྣ་འདྲེན་པའི་ལམ་བུ་ལྟ་བུའི་བྱང་ཆ་ལྡན་དགོས་པར་མ་ཟད།  སློབ་མ་རྣམས་ལ་སློབ་ཁྲིད་ཐེངས་རེར་ཉན་པ་ནི་རིག་པ་འཕེལ་ཞིང་ཤེས་བྱ་འཐོབ་པ། སྤྲོ་བ་རྒྱས་ཤིང་བསླབ་ལ་སྐུལ་བའི་རིག་གནས་འཁྲབ་སྟོན་གྱི་གཞེན་སྐུལ་ཐེངས་རེ་ཡིན་པའི་ཚད་ལ་སླེབས་ན། དགེ་རྒན་རྣམས་ནི་སློབ་མ་སྐྱོང་བའི་སློབ་སྤྱི་དང་། རིག་པ་གསོ་བའི་དེད་དཔོན། དགེ་ལམ་ལ་སྐུལ་བའི་མཁན་པོ། ལུས་སེམས་སྐྱོང་བའི་ཕ་མ་བཅས་སུ་འགྱུར་བ་གདོན་མི་ཟ་ན།  སློབ་ཁྲིད་ཐེངས་ཤིག་བྱེད་པ་ལ་གྲ་སྒྲིག་ལེགས་པོ་བྱ་དགོས་པ་གཞིར་བྱས་ཏེ།  རང་གིས་སློབ་མའི་མདུན་དུ་ཐོག་མར་ཅི་ཞིག་བཤད་པ་ནས། མཇུག་མཐར་ཅི་ལྟར་བསྡུ་བའི་ཆ་ཐམས་ཅད་ལ་ཡང་ཡང་བསམ་ཞིང་བྱང་ཆ་ལྡན་པར་བྱ་བ་གལ་ཆེའོ། །

མདོར་ན། དགེ་རྒན་ཞེས་པ་ནི་རིག་གནས་པ་གཞན་དག་དང་གཏན་ནས་མི་འདྲ་བར།  ཕ་མ་ལྟ་བུའི་བརྩེ་སེམས་དང་། ཟློས་གར་པ་ཡི་སྟངས་སྟབས། ཞིབ་འཇུག་པ་ཡི་དཔྱད་ཞིབ།  རིག་གནས་པ་ཡི་མཁྱེན་རྒྱ། རྒྱང་སྒྲོག་པ་ཡི་སྐད་ཆ་བཅས་འཛོམ་དགོས་པའི་འཕྲལ་ཡུན་ཀུན་ལ་ཕན་ཞིང་།  འདི་ཕྱི་གཉིས་ལ་དགེ་བ། རང་གཞན་ཡོངས་ལ་སྨན་པའི་ལས་ཀ་ཁྱད་དུ་འཕགས་པ་ཞིག་ཡིན་པས། སློབ་ཁྲིད་ལེགས་པོ་ཐེངས་ཤིག་བྱས་ན་རང་གི་སྙན་པ་དེ་བཞིན་འཕེལ་བཞིན་འཕེལ་ཞིང་། སློབ་མའི་གུས་པ་སྔར་བས་བརྟ་བར་འགྱུར་བས།  དགེ་རྒན་ཞིག་ཡིན་ན་ཆེད་དུ་འཇིག་རྟེན་གྱི་གྲགས་པ་དོན་དུ་གཉེར་མི་དགོས་པར། རང་ལས་ཀྱི་སློབ་ཁྲིད་ལ་ནན་ཏན་བྱ་ཞིང་། ཆོས་ཀྱི་དགེ་བ་དང་། མི་རིགས་ཀྱི་ལ་རྒྱ། རྒྱལ་ཁབ་ཀྱི་གཟི་བརྗིད་ཀྱང་སློབ་མའི་ཚོགས་ལེགས་པར་བསྐྱང་བ་དེ་ལས་གཞན་དུ་ཡོད་པ་མ་ཡིན་ནོ། །

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心