当前位置: 首页 > 通知公告 > དགེ་རྒན་ཞིག་ཡིན་ན་ཇི་ལྟར་བེད་དགོས།

དགེ་རྒན་ཞིག་ཡིན་ན་ཇི་ལྟར་བེད་དགོས།

2020年05月15日 16:46:32 访问量:137

དགེ་རྒན་གྱི་ལས་ཀ་ནི་འགན་འཁྲི་ལྕི་ཞིང་དོན་སྙིང་ཆེ་བ་དང་།   གཟི་བརྗིད་ལྡན་ལ་མཐར་ཐུག་དགེ་བའི་འགྲོ་བ་མིའི་རིགས་ཀྱིས་བསྒྲུབས་དང་སྒྲུབ་བཞིན་པའི་ལས་རིགས་ཀུན་གྱི་གྲས་ལས་ཆེས་རླབས་ཆེ་བ་རུ་བདོག་པས། དགེ་རྒན་དང་། སྨན་པ་ཞེས་པ་ནི་བྱ་བའི་ཕན་འབྲས་ཀྱི་ཆ་ནས་བཏགས་པའི་མིང་ཞིག་ཡིན་ཡང་། སློབ་གསོ་སྤེལ་ལུགས་དང་། སློབ་མ་སྐྱོང་སྟངས་ཀྱི་ཐད་དུ་གནའ་དེང་གཉིས་ལ་ཁྱད་པར་ཆེ་ཞིང་། ལྷག་པར་དེང་གི་དུས་འདིར་སློབ་གྲྭ་ཆེ་འབྲིང་ཆུང་བ་གང་དུའང་བོད་ཀྱི་སྲོལ་རྒྱུན་ལྟར་དགེ་རྒན་གྱིས་སློབ་མར་བརྟག་པ་དང་།   སློབ་མས་དགེ་རྒན་གདམ་པའི་འགྲོ་རིམ་གང་ཡང་མེད་པར། གཞུང་གིས་བཀོད་སྒྲིག་ལྟར་དགེ་རྒན་བཟང་ངན་ཅི་རིགས་སློབ་ཁྲིད་ཀྱི་ལས་ལ་འཇུག་ཅིང་།   སློབ་མ་རབས་དང་རིམ་པ་མང་པོ་བསྐྱངས་ཤིང་སྐྱོང་བ་ལ་རྗེས་འབྲས་ལེགས་ཉེས་ཆ་མི་འཚལ་བ་ཅི་རིགས་སྣང་བའི་དབང་གིས།   སྐབས་མང་པོར་སློབ་མས་དགེ་རྒན་ལ་འཁང་ར་བྱེད་པ་དང་།   ཁྱིམ་བདག་གིས་དགེ་རྒན་ལ་གཤེ་གཤེ་གཏོང་བ།   སྤྱི་ཚོགས་སུ་དགེ་རྒན་ལ་གདེང་འཇོག་དམན་པ།   དགེ་རྒན་གྱིས་ཀྱང་སློབ་མ་མིག་ལ་མི་རན་པའི་སྣང་ཚུལ་སྟོན་གྱིན་ཡོད་པས།   དགེ་རྒན་གྱི་ལས་ལ་ཞུགས་པའི་མི་ཞིག་ཡིན་ན་ཇི་འདྲ་བ་ཞིག་བྱ་དགོས་པའི་སྐོར་ལ།   འདིར་གུས་པ་བདག་གི་ལྟ་ཚུལ་རགས་ཙམ་ཞུ་བར་བྱའོ། །

དང་པོ། དགེ་རྒན་ཞིག་ཡིན་ན་མིའི་རིགས་ཀྱི་འདུན་མ་ལ་བསམ་བློ་གཏོང་མཁན་ཞིག་ཡིན་དགོས།

རང་གི་ཁ་དང་རྒྱབ་ཀྱི་ཆེད་དུ་ལས་ཀ་བྱེད་པ་ནི། མི་དང་བཅས་པའི་སྲོག་ཆགས་ཐུན་མོང་གི་སྤྱི་ཚོགས་སུ་གྲུབ་ཅིང་། སྲོག་ཆགས་ཀྱི་རིགས་ཀུན་ལས་རང་གི་རིགས་མཐུན་སྤྱི་ཡི་ད་ལྟ་དང་མ་འོངས་པའི་འདུན་མ་བསྲུང་ཞིང་།   ཡབ་མེས་རྣམས་ནས་བརྒྱུད་པའི་མྱོང་བ་རྣམས་ཕྱི་རབས་པ་དག་ལ་བརྒྱུད་ཅིང་སྥེལ་བ་དང་། རང་གི་རིགས་དེ་ཡི་ཐུན་མོང་གི་འཚོ་བའི་གོམས་སྲོལ་དང་རིག་གནས་ཀྱི་དགོས་མཁོའི་དབང་གིས། རིག་གནས་ཀྱི་ཤེས་བྱ་སྣ་ཚོགས་རང་གི་རིགས་དེ་ལ་སློབ་ཁྲིད་བྱེད་པ་ནི། མི་ཁོ་ན་མ་གཏོགས་པར་སྲོག་ཆགས་གཞན་གྱི་རིགས་གང་ལའང་མེད་ཕྱིར། མི་རིགས་སྣ་མང་འདུས་སྡོད་བྱེད་པའི་རང་རེའི་རྒྱལ་ཁབ་འདིར་མི་རིགས་རང་མཚན་པའི་ཁེ་དབང་སྲུང་བའི་སླད་དུ་མི་རིགས་སློབ་གསོ་ཞེས་པའི་སློབ་གསོ་ཡན་གར་བ་ཞིག་ལག་ཏུ་བསྟར་བ་ནི།  མི་རིགས་ཐ་དད་པ་དག་གི་སྐད་ཡིག་རིག་གནས་ཀྱི་ཁྱད་ཆོས་དང་རིན་ཐང་ལ་དམིགས་ཏེ།  མི་རིགས་དག་གི་ཐུན་མོང་མ་ཡིན་པའི་རིག་གནས་བདག་སྐྱོང་དང་དར་སྤེལ་བྱ་བའི་སླད་དུ་སྤེལ་བཞིན་པའི་སློབ་གསོ་ཐབས་ལམ་ཁྱད་པར་བ་ཞིག་ཡིན་ཞིང་།   ལྷག་པར་ཡི་གེ་ཡོས་པའི་མི་རིགས་ཞིག་ཡིན་ན།  ཇི་སྲིད་ཆུ་ཡི་ཐིགས་པ་ཞིག་རྒྱ་མཚོའི་ནང་དུ་བླུག་ན་རྒྱ་མཚོ་མ་མཛད་པ་དེ་སྲིད་དུ་ཆུ་ཐིགས་དེ་ལ་བསྐམ་པའི་དུས་མི་འབྱུང་བ་བཞིན།  མི་རིགས་ཤིག་གི་སྐད་ཆ་དང་རིག་གནས་མ་ཉམས་པ་དེ་སྲིད་དུ་མི་རིགས་དེ་ལ་རང་གི་ཕ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་པའང་ཡུན་རིང་ལ་ཡོད་སྲིད་པས། མི་རིགས་དེའི་སྐད་ཡིག་ལ་བརྟེན་ནས་མི་རིགས་རིག་གནས་བརྒྱུད་འཛིན་དང་། བཀོལ་སྤྱོད་བྱ་བ་ལ་མཁོ་བའི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་མང་པོ་སྐྱེད་བསྲིངས་ཏེ། རྒྱལ་ཁབ་འདི་ཆབ་སྲིད་ཀྱི་ཆ་ནས་བདག་དབང་གཅིག་ཏུ་གྱུར་པ་དང་། རིག་གནས་ཀྱི་ཐད་དུ་མེ་ཏོག་སྣ་མང་བཀྲ་བའི་དགའ་ཚལ་ཡིད་དུ་འོང་བ་ཞིག་ཏུ་བསྐྲུན་དགོས་སྟབས།  དགེ་རྒན་གྱི་ལས་ཀ་ནམ་ཡང་མི་རིགས་ཀྱི་འདུན་མ་དང་མཉམ་དུ་གནས་ཞིང་། དགེ་རྒན་ནི་མི་རིགས་ཤིག་གི་མི་རབས་ཕྱི་མ་གསོ་སྐྱོང་གནང་མཁན་གྱི་བྱེད་པོ་དང་། རྒྱལ་ཁབ་གྱི་འཕེལ་རྒྱས་ལ་མཁོ་བའི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་མཁན་ཡིན་ཞིང་།   མི་རིགས་ཤིག་གི་འཕེལ་རྒྱས་དང་།  རིག་གནས་སློབ་གསོའི་དགོས་མཁོའི་དབང་གིས།  ང་དང་ཁྱོད་ལྟ་བུ་ལ་དགེ་རྒན་ཞེས་པའི་མིང་གིས་བོས་ཏེ།   མི་དམངས་ཀྱི་དངུལ་ཁྲག་ལས་བསྡུས་པའི་ཕོགས་དངུལ་ལ་བརྟེན་ནས།    མི་སྒེར་དང་ཁྱིམ་ཚང་ཧྲིལ་བོའི་འཚོ་བ་བསྐྱེད་པ་འདི་ལགས་ན།  རང་རེ་རྣམས་ཀྱིས་ཀྱང་ནམ་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་འདུན་མ་ལ་དམིགས་ཏེ།   དྲིན་ཚོར་ཞིང་དྲིན་དྲན་པ་དང་།  དྲིན་ལན་བཟོ་ཐབས་ལ་འབད་བཞིན།  ད་ལྟའི་མིག་མདུན་གྱི་སློབ་མ་འདི་དག་སྐྱེད་སྲིང་ལེགས་པོ་ཞིག་བྱ་ཐུབ་ན།   རང་ལ་ལས་སྐལ་འདི་གནང་བའི་རྒྱལ་ཁབ་དང་མི་རིགས་ཀྱི་འདུན་མའང་འགྲུབ་ཅིང་། རང་དང་རིགས་མཐུན་གྱི་མི་རབས་རྗེས་མ་དག་ལའང་ད་དུང་ལས་ཀ་འདི་དང་འདི་འདྲ་བ་བསྒྲུབ་པའི་བསྐལ་བ་ལྡན་ཞིང་།   མི་རིགས་འདི་ལའང་ནམ་ཡང་གཞན་དྲིང་མི་འཇོག་པའི་རིག་གནས་དང་། གཞན་ལ་མི་རེ་བའི་སྐད་ཆ། གཞན་དང་མི་མཚུངས་པའི་གོམས་སྲོལ། གཞན་གྱིས་བསྒྲུབ་མི་ཐུབ་པའི་ལས་ཀ་སྣ་ཚོགས་ཡོད་པ་གསལ་བོར་རྟོགས་བཞིན།   མི་རེ་རེ་བ་ནི་མི་རིགས་ཤིག་གི་ཆ་ཤས་གལ་ཆེན་རེ་ཡིན་ཞིང་།  མི་རིགས་ཞེས་པ་ནི་རང་གི་རིགས་མཐུན་གྱི་བྱེ་བྲག་མང་པོའི་རྗེས་སུ་འགྲོ་བའི་སྤྱི་མཚན་གྱི་སྤྱི་ཞིག་ཡིན་པས།   ང་དང་ཁྱོད་དང་ཁོ་ལ་མི་བརྟེན་པའི་ཚུགས་ཐུབ་གྱི་མི་རིགས་རང་དབང་བ་ཞིག་གཞི་མ་གྲུབ་ཅིང་།  མི་སུ་དང་གང་གིས་ཀྱང་མི་རིགས་རེ་རེ་དང་མི་རིགས་དུ་མ་འདུས་པའི་རྒྱལ་ཁབ་ཅིག་ལ་ཞབས་ཏོག་ལེགས་པོ་བསྒྲུབ་མི་ཐུབ་ན་ཡང་ཞབས་འདྲེན་གྱི་ལས་ཀ་ཅིས་ཀྱང་བྱ་མི་འོས་པར། དགེ་རྒན་གྱི་མིང་གིས་འབོད་པའི་མི་དག་ནི་མི་རིགས་དེ་ཡི་གྲས་ཀྱི་རིག་གནས་པ་དང་།   མི་རབས་ཕྱི་མ་སྐྱོང་བའི་མ་མ།  མ་འོངས་འདུན་མ་གསོ་བའི་ལམ་མཁན་ཡིན་པས། རང་ཉིད་ཀྱི་ཉེས་བྱས་ཙམ་ནི་མི་རིགས་ཤིག་གི་ཉེས་པ་དང་། རྒྱལ་ཁབ་ཅིག་གི་ཞབས་འདྲེན་དུ་འགྱུར་ངེས་ཤིང་།   ལྷག་པར་ད་ལྟར་བཞིན་ལོ་རེར་སློབ་མ༨༠ཙམ་འཕྲོ་བརླག་ཏུ་བཏང་ན།   བགྲང་བྱ་སུམ་ཅུའི་ཡུན་ལ་མི་སྣ༢༤༠༠ལྷག་བྱས་ཉེས་སུ་འགྱུར་ཞིང་། དེ་ལྟའི་ཉེས་པ་ནི་ཚེ་འདི་ཙམ་མ་ཟད་པར་གལ་ཏེ་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ན།    དེ་དུས་སུའང་འདག་ཐུབ་དཀའ་བ་ཡང་ཡང་བསམ་ཞིང་། དེས་ན་མི་རིགས་འདི་ལ་བསྐྱེད་པའི་ཉེས་པ་ནི་མི་གཅིག་གི་ཉེས་པ་ཙམ་མ་ཡིན་པར།   མི་རིགས་ཤིག་གི་འདུན་མ་ལ་གནོད་པའི་ཉེས་པ་ཆེན་པོ་ཞིག་ཏུ་བསམ་ནས།  ང་ནི་མི་རིགས་ཤིག་གི་འཐུས་ཚབ་ཡིན་ལ། ང་ལ་མི་རིགས་ཤིག་གོང་དུ་འདེགས་པའི་འགན་འཁྲི་ཡོད་པར་རྟོགས་པར་ཏེ།   ནམ་ཡང་སློབ་མ་ལ་ཕན་ཞིང་སྤྱི་ཚོགས་ལ་དགེ་བ། ཚེ་འདི་ལ་ལེགས་ཤིང་ཕྱི་མ་ལ་བཟང་བའི་ལས་ཀ་འདི་ལ་འབད་པ་ལྷོད་མེད་བྱའོ། །

གཉིས་པ།  དགེ་རྒན་ཞིག་ཡིན་ན་ནམ་ཡང་སློབ་མ་ལ་བརྩེ་བ་ལྡན་པ་ཞིག་ཡིན་དགོས་པ། 

མི་ནི་ནམ་ཡང་བརྩེ་བས་བསྐྱང་དགོས་པའི་བདག་ཉིད་ཅན་ཞིག་ཡིན་ཞིང་། སློབ་མ་རྣམས་ནི་ན་སོ་མ་སྨིན་ཞིང་སྤྱི་ཚོགས་ཀྱི་འཚོ་བ་ལ་ཆ་རྒྱུས་གསལ་བོ་མེད་པ།   དཀར་ནག་གི་དབྱེ་བ་འབྱེད་པའི་ནུས་པ་ཞན་ཞིང་།  རིག་པའི་གནས་ལ་རིམ་གྱིས་འཇུག་ཅིང་མི་གཞི་ད་དུང་གཏན་པོ་མ་ཆགས་པར་འཚར་ལོངས་འབྱུང་བཞིན་པའི་མེ་ཏོག་ཞིག་དང་གཉིས་སུ་མ་མཆིས་པས་དེ་བས་ཀྱང་བརྩེ་བས་སྐྱོང་བ་ཤིན་ཏུ་གལ་ཆེ་བས། སློབ་མ་རྣམས་ལ་བརྩེ་བ་ཇི་འདྲ་བ་ཞིག་བཅང་དགོས་པ་གནད་དུ་དྲིལ་ན།   སློབ་མའི་མི་གཞི་ལེགས་ལམ་ལ་བཀྲི་བ་དང་།  སློབ་མའི་ལུས་སེམས་རིག་གནས་ཀྱིས་སྐྱོང་བ་གཉིས་སུ་འདུ་ཞིང་།  དེ་ལས་དང་པོ་ལ་སློབ་མའི་ལུས་སེམས་བདེ་ཞིང་ཐང་བར་སྐྱོང་བ་དང་།   སློབ་མའི་མི་གཞི་ལེགས་ལམ་ལ་བཀྲི་བ་གཉིས་ལས།  དེ་ལས་དང་པོ་ལ།  མི་ནི་སྐྱེས་མ་ཐག་ནས་ཕ་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་ཞིང་།  ཕ་མའི་བྱམས་བརྩེ་ནི་ཉི་མའི་འོད་ཟེར་དང་གཉིས་སུ་མ་མཆིས་པར།     ཁྱེའུའི་གཟུགས་གཞི་དང་སེམས་ཁམས་ལྷན་ཅིག་ཏུ་བདེ་ཐང་ངང་འཚར་ལོངས་འབྱུང་བ་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་ཏེ།    འགྲོ་དུས་ཕ་མས་མིག་གིས་འཚོ་བ་དང་།   ཟ་དུས་ཕ་མས་གང་དགོས་སྦྱིན་པ།   ཐ་ན་གཉིད་དུས་ཕ་མས་ཉལ་གོས་བཀབ་ཏེ།   བྱམས་བརྩེའི་དྲོད་ཁོལ་གྱི་དབལ་མ་ཡལ་ཞིང་།  བཟའ་བཏུང་མངར་མོའི་བཅུད་མ་ཉམས་པར་ལོ་ན་དྲུག་བདུན་ལ་སོན་དུས་སུ།    གློ་བུར་དུ་ཕ་མའི་བྱམས་བརྩེའི་རྩིབ་འོག་ནས་སློབ་གྲྭའི་གཞིས་ཁྱིམ་ཆེན་པོ་འདིར་སླེབས་པ་ཡིན་སྟབས། དུས་དེ་ནས་བཟུང་དགེ་རྒན་ནི་ཕ་མའི་སྐུ་ཚབ་ཏུ་གྱུར་ཏེ།  སློབ་མ་རྣམས་ལ་འགྲོ་ལུགས་སྟོན་པའི་མ་མ་དང་།  ཤེས་རིག་སྟོབ་པའི་སྦྱིན་བདག   ལུས་སེམས་སྐྱོང་བའི་སྨན་པ་གཅིག་པུར་གྱུར་ཏེ།    སློབ་མ་རྣམས་ཀྱིས་དགེ་རྒན་ནི་སློབ་གྲྭའི་ནང་གི་གཉེན་ཉེ་ཁྱད་པར་བ་ཞིག་བཟུང་སྟེ།  ཅི་བཤད་དགེ་རྒན་གྱི་ངག་ལ་ཉན།   གར་འགྲོ་ན་དགེ་རྒན་གྱི་འགྲོས་ལ་ལྟ།   ཐ་ན་སློབ་གྲྭ་དེར་ཅི་བྱེད་ཐམས་ཅད་དགེ་རྒན་དཔེ་རུ་བཟུང་སྟེ།     སྐྱིད་ན་ལུས་སེམས་བཅོལ་སའི་གཞི་དང་། སྡུག་ན་དཀའ་ངལ་སེལ་བའི་མགོན་ནི་དགེ་རྒན་ལས་གཞན་དུ་མི་དམིགས་ཕྱིར།  སྐབས་དེར་དགེ་རྒན་གྱིས་ཀྱང་བྱིས་པ་དག་གི་རྩེད་གྲོགས་འགྲོ་གྲོགས་གང་ལ་བྱེད་པ་དང་།   ཟ་རོགས་འདུག་གྲོགས་སུ་ལ་བསྟེན་པ།   བཤད་པའི་སྐད་ཀྱི་གདངས་དང་།  རྩེད་དུས་གདོང་གི་འཛུམ་སོགས་ལ་བརྟག་ཅིང་།   བྱིས་པ་གར་འགྲོ་ལུ་གུ་འཚོ་འཚོ་དང་། བཟའ་བཏུང་སྤྱོད་ལུགས་ཕ་མས་སྐྱོང་སྐྱོང་ལྟར་གནངས་ཏེ།  སློབ་མ་དག་ལ་ཁྱིམ་དང་བྲལ་བའི་སྡུག་མི་འོང་ལ།   ཕ་མ་མེད་པའི་ཞད་མ་ལྷུང་ཞིང་།   བྱིས་པ་གཞན་གྱི་སྡུག་ཡས་མེད་པ་ཞིག་བྱས་ཏེ།   བྱིས་པ་དག་གི་ལུས་སེམས་བདེ་ཞིང་ལྟོགས་སྐོམ་མེད་པར་གཅེས་སྐྱོང་ལེགས་པོ་གནང་དགོས་པའོ།།    གཉིས་པ་སློབ་མའི་མི་གཞི་ལེགས་པོ་ཆགས་པ་ནི།  གཙོ་བོ་སློབ་མ་དག་གི་རྒྱུད་ལ་ཡོན་ཏན་ལེགས་པོ་ཞིག་འབྱོར་རྒྱུ་དེ་ཡིན་ཞིང་།   དེ་ནི་གཙོ་ཆེར་དགེ་རྒན་དག་གི་རིག་གནས་ཆུ་ཚད་དང་། དགེ་རྒན་གྱིས་སློབ་མ་ལ་འཆིང་བའི་བརྩེ་བ་ལ་རག་པས།  དགེ་རྒན་ལ་སློབ་མ་སྐྱོང་བྱེད་ཀྱི་ཡོན་ཏན་ཙམ་ཡོད་པས་མི་ཆོག་པར།     ཡོན་ཏན་དེ་སློབ་མ་རྣམས་ལ་ངེས་པར་བུམ་པ་གང་བྱོའི་ཚུལ་དུ་སྦྱིན་པའི་སེམས་པ་ལྡན་པ་ལ་བལྟོས་པས།    རང་ལ་ཡོན་ཏན་མེད་ན་ལག་པ་སྟོང་སྟོང་དུ་གནས་པ་ཇི་བཞིན་སློབ་མའི་མི་ཚེ་ལ་ཕན་པ་ཡེ་མི་འབྱུང་ཞིང་། ཡོན་ཏན་ཡོད་ཀྱང་དུས་སུ་མ་སྦྱིན་ན་འདི་འདྲའི་དུས་ནི་ཕྱི་རུ་འབྱུང་བ་མ་ཡིན་པས།   སློབ་མ་འདི་དག་རིག་གནས་སྦྱོང་བའི་སླད་དུ་གནས་འདིར་འདུས་ཤིང་། རང་ཅག་རྣམས་ལ་དགེ་རྒན་དུ་བཀུར་བ་འདི་ལགས་ན།   སློབ་མ་མེད་ན་ང་ལ་དགེ་རྒན་ཞེས་པའི་མིང་མི་འབོད་ཅིང་། ད་ལྟར་དགེ་རྒན་ཞེས་པའི་མིང་གིས་བོས་པས་ཡོན་ཏན་སྟོབ་པའི་ནོར་བདག་ཏུ་འགྱུར་དགོས་སྙམ་ནས།    རང་གིས་ཤེས་པ་ཕངས་མེད་དུ་སློབ་མར་སྦྱིན་ཞིང་།   གནས་སྐབས་སུ་མི་ཤེས་པ་བརྩོན་པས་ཤེས་པར་བསླབས་ཏེ།  འཕྲལ་དུ་སློབ་མའི་རྒྱུད་ལ་ཨེ་འབྱོར་གྱི་ཐབས་ལ་བརྩོན་ན།  ད་གཟོད་དགེ་སེམས་དང་ལྡན་ཞིང་ཡོན་ཏན་གྱིས་རྒན་པའི་གོ་མིང་དེ་འཐོབ་འོས་ཤིང་། དེ་ལྟར་བོས་པའི་མིང་དེ་ཡང་སློབ་མ་དག་གི་སེམས་ཀྱི་ཀློང་དུ་དད་པའི་ཤུགས་ཀྱིས་སྐུལ་བའི་ཆོ་ལོ་དོན་དང་མཐུན་པ་ཞིག་ཡིན་པས།  སློབ་མ་དག་གིས་དགེ་མིང་འཛིན་པ་རང་ཉིད་ལ་གུས་མི་གུས་དང། ཇི་ལྟར་གུས་པ་ནི་མཐར་བདས་ན་དགེ་རྒན་དུ་འབོད་པ་རང་གིས་རང་གི་ལུས་པོ་འདི་ལ་རིན་ཐང་ལོན་མ་ལོན་དང་།  སློབ་མ་རྣམས་ཇི་ལྟར་སྐྱོང་བའི་བདག་འབྲས་ཉིད་དུ་ངེས་ན།    དགེ་རྒན་གྱི་མིང་ཙམ་ཐོགས་ཚད་ཀྱིས་བློ་ལྡན་གྱི་བྱིས་པ་གང་ཡིན་ཚད་ལ།   འདི་ནི་ངའི་མཆན་བུ་ཡིན།    འདི་ནི་བདག་གི་སློབ་བུ་རེད་ཟེར་ཆོག་པ་ཞིག་མ་ཡིན་པར།   ཐོག་མར་ཁ་ནང་ལ་འཁོར་ཏེ་རང་སེམས་ཀྱི་ཀུན་སློང་ལ་བརྟག་ཅིང་།  སློབ་མ་དག་གིས་མིག་རིག་རིག་ཤེས་འདོད་ཀྱི་མིག་ཟེར་ཁྱོད་ལ་བཅོལ་བ་ལ།  ཁྱོད་ཀྱིས་སློབ་མ་དེ་རིགས་ཅི་ཡིས་བསྐྱངས་ཤིང་། ཇི་ལྟར་བསྐྱངས་པ།   དེ་རིགས་ལ་ཕན་པ་ཅི་ཙམ་ཐོགས་པའི་དོན་ལ་ཡང་ཡང་བསམ་སྟེ།  ཚེ་འདིར་ལས་ཕོགས་རིན་མེད་དུ་ཟ་བའི་དཀོར་བདག་ཅིག་དང་།  ཚེ་ཕྱི་མར་སློབ་མ་རྣམས་ལ་ངོ་མི་གནོང་བ་ཞིག་ཅིས་ཀྱང་བྱ་དགོས་སོ། །

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心