41.བོད་ཀྱི་སྔ་བ་ལྔ་གང་དང་གང་ཡིན།
ལན་དུ། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བླ་སྒང་། ཞིང་ལ་སྔ་བ་ཞལ་ཟས་ཞིང་། གྲོང་ལ་སྔ་བ་མོན་གྲོང་ཤར་པ། ཡུལ་ལ་སྔ་བ་ཡར་ལུང་བཅས་སོ།།
42.བོད་རྒྱལ་གང་གི་སྐུ་རིང་ལ་ཡིག་མཁན་མཁས་པ་སུས་ཡིག་གཟུགས་གང་ཞིག་གསར་གཏོད་
བྱས་པའི་སྐོར་གྱི་རེའུ་མིག་བཞུགས་སོ།།
རྒྱལ་པོའི་མཚན། | ཡིག་མཁན་གྱི་མཚན། | ཡིག་གཟུགས་ཀྱི་མཚན། |
སྲོང་བཙན་སྒམ་པོ། | ཐོན་མི་སམྦྷོ་ཊ། | སྦལ་ནག་ན་ཁར་བགྲད་འདྲ། |
མང་སྲོང་མང་བཙན། | ཆ་ངར་རིན་ཆེན་འབར། | སོ་ཕག་གཤིབས་འདྲ། |
འདུས་སྲོང་མང་པོ་རྗེ། | ཆབ་དཀར་བེའུ་ཚེ། | བྱ་ཕོ་འཇོལ་བ་འདྲ་བ། |
ཁྲི་ལྡེ་གཙུག་བརྟན། | དགེ་བསྙེན་དཀོན་མཆོག་དབང་། | ནས་ནག་ཕྱིང་དཀར་སྟེང་དུ་བཀྲམ་པ་འདྲ་བ། |
ཁྲི་སྲོང་ལྡེའུ་བཙན། | བྷེ་ཤོ་ཁྲམ། | མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ། |
མུ་ནེ་བཙན་པོ། | ཚེ་སྤོང་བྱང་ཆུབ། | སྦུར་ནག་བགྲད་པ་འདྲ་བ། |
མུ་ཏིག་བཙན་པོ། | འབྲེ་བ་ཡོན་ཏན། | ཉ་མོ་ཆུ་ནང་ནས་ཐོན་པ་འདྲ་བ། |
ཁྲི་རལ་པ་ཅན། | གྲ་ཤོད་རྣམ་གཉིས། | སེང་གེ་གནམ་དུ་མཆོངས་པ་འདྲ་བ། |
43.དབུ་མེད་ཀྱི་ཡིག་གཟུགས་ལ་དབྱེ་ན་གང་དང་གང་ཡོད།
ལན་དུ། ལི་ལུགས་དང་ལྡན་ལུགས་གཉིས་སོ།།
44.དབུ་མེད་ཡིག་གཟུགས་བྱེ་བྲག་པ་ལ་དབྱེ་ན་གང་དང་གང་ཡོད།
ལན་དུ། ཚུགས་ཐུང་དང་། དཔེ་ཚུགས། འབྲུ་ཚ། འཁྱུག་ཡིག་སོགས་ཡོད།
45.ཁྱུང་བྲིས་སུས་གསར་གཏོད་བྱས་པ་རེད།
ལན་དུ། ཁྱུང་པོ་གཡུ་ཁྲིས་གསར་གཏོད་བྱས་པ་རེད།