བསླབ་གཞིའི་གཏམ་དཔེ་ཕྱོགས་སྒྲིག
1སྐྱིད་པོ་ཉིས་རྩེག་མེད་པར་སྡུག་པོ་གསུམ་རྩེག
བྱ་བ་སོགས་ལམ་ལྷོང་མ་བྱུང་བར་དཀའ་ངལ་རྒྱུན་མཐུད་ནས་འཕྲད་པའམ་ཆག་སྒོ་གཅིག་རྗེས་གཉིས་མཐུད་དུ་ཐོན་པས་ལུས་སེམས་གནས་ཟོད་མི་བདེ་བར་གྱུར་བ་སྟེ།མི་ཚེའི་ནང་དཀའ་སྡུག་སྣ་ཚོགས་འཕྲད་ཀྱང་ནམ་ཞིག་ལམ་ལྷོངས་ཡོང་ངེས་པས་དཀའ་ངལ་གྱི་མདུན་དུ་མགོ་སྒུར་མི་རུང་བའོ།
2ཁྱོ་ཕྱུག་ཆུང་མ་གྲུང་།། བལ་འཇམ་སྣམ་བུ་ལེགས༎
སྤྱིར་ཁྱིམ་ཚང་གི་འགན་འགོ་དེ་འཇོན་ཐང་ཆེ་ན་དེའི་ཤུགས་ཀྱིས་དེའི་ཆུང་མ་ཡང་རང་བཞིན་ གྱིས་བྱ་བ་གང་ཅིར་འཇོན་པོ་དང་གྲུང་པོ་ཡོང་ངེས་པ་དེ་དཔེ་བལ་ཡག་པ་དང་འཇམ་པ་ལས་འཐག་པའི་སྣམ་བུ་ཡང་རང་བཞིན་གྱིས་ལེགས་པ་བཞིན་ནོ་ཞེས་པ་སྟེ་དོན་དུ་བྱ་བ་གང་དང་གང་ལའང་རྐྱེན་གཙོ་བོ་དེ་མ་འཕྱུགས་པ་ཞིག་དགོས་སོ་ཞེས་པའོ།
3སྡུག་རེས་བྱུང་ན་ལབ་རེས།
མི་སུ་དང་སུ་ཡིན་རུང་མི་ཚེའི་ནང་དཀའ་སྡུག་དང་ཆག་སྒོ་ནམ་ཡོང་ཆ་མ་མཆིས་པས་གཞན་ལ་ཆག་སྒོ་དང་བར་ཆད་འབྱུང་ན་དེར་རོགས་ཅི་ཐུབ་ལྟ་བ་ལས་ངན་ལབ་བྱ་མི་རུང་བ་བསྟན།
4བུ་སྐྱེས་པ་ལ་མིང་། ཆང་དྲངས་པ་ལ་གཏམ།
བུ་སྐྱེས་པ་ལ་མིང་འདོགས་དགོས་པ་དང་ཆང་དྲངས་པ་ལ་གཏམ་གཏོང་དགོས་པ་བཞིན་བྱ་
དངོས་གང་དང་གང་ཡིན་རུང་སོ་སོའི་བྱ་ལུགས་དང་དམིགས་ཡུལ་ཡོད་དགོས་པས་བྱ་དངོས་ཀྱི་ཆོས་ཉིད་དང་བྱ་བའི་སྒྲུབ་ལུགས་དང་བསྟུན་ནས་བྱ་བ་བསྒྲུབ་དགོས་པའི་གནས་ལུགས་བསྟན།
5མི་ངན་ལ་དབང་བསྐུར་ན་ཆུ་ངན་བྲེ་ལ་འཇལ།
མི་ངན་ལ་དབང་བྱུང་ན་ཁྲིམས་མེད་ལུགས་མེད་ཀྱི་བྱ་བ་སྣ་ཚོགས་བྱེད་སྲིད་པས་དཔོན་བསྐོ་བའི་ཐད་ལ་གཟབ་གཟབ་བྱ་དགོས་པའི་གནས་ལུགས་བསྟན། མི་ངན་དཔོན་པོ་དང་འཕྲད་ན་བྱ་བའི་སྒྲུབ་ལུགས་ཤེས་དགོས་ཞེས་པའོ།
6རྔ་གདང་རྒྱུག་དང་དུད་པ་ལང་རྒྱུག
7ཕ་སེམས་བུ་ཐོག བུ་སེམས་རྡོ་ཐོག
ཕ་མས་ལུས་ངག་ཡིད་གསུམ་གྱི་བྱ་ཐམས་ཅད་རང་གི་བུ་ཕྲུག་གི་དོན་དུ་བྱེད་ཀྱང་བུ་ངན་འགའ་རེས་ཕ་མའི་བཀའ་དྲིན་གསོ་རྒྱུ་ལྟ་ཞོག་དྲིན་ལན་ལོག་འཇལ་བྱེད་ངེས་པའི་དོན་སྟེ་དོན་དུ་ཕ་མའི་བཀའ་དྲིན་གསོ་དགོས་པའི་གནས་ལུགས་བསྟན།
8སྔ་དྲོ་ཕ་མའི་རེས། ཕྱི་དྲོ་བུ་ཡི་རེས།
བུ་ཕྲུག་ཆུང་ནས་གསོ་དགོས་པ་ཕ་མའི་འོས་འགན་ཡིན་པ་དང་། ཕ་མ་རྒས་དུས་བསྲི་ཞུ་བསྒྲུབ་དགོས་པ་ནི་བུ་ཕྲུག་གི་འོས་འགན་ཡིན་ཞེས་པ་སྟེ་དོན་དུ་ཕ་མའི་བཀའ་དྲིན་སྙིང་ལ་བཅངས་ནས་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་དོན།
9མི་བཟང་པོ་དྲུག་ཅུ་ལོ་ཡིས་ཐུབ།གོས་བཟང་པོ་དབྱར་གསུམ་ཆར་གྱིས་ཐུབ།
ལས་དང་བྱ་བ་བཟང་ན་གཞན་གྱིས་འཚེ་བ་ཉུང་བས་ཚེ་རིང་བ་དང་། གོས་བཟང་པོ་ཞིག་ཡིན་ན་ཆར་ལྷག་གང་དང་འཕྲད་རུང་རལ་བར་མི་འགྱུར་ཞེས་པ་སྟེ་དོན་དུ་རང་གཞན་ཀུན་ལ་ཕན་པའི་མི་བཟང་ཞིག་བྱ་དགོས་པའི་དོན་བསྟན།
10གྲང་བ་དགུན་གྱིས་དེད། ལྟོགས་པ་ཟས་ཀྱིས་དེད།
གྲང་བའི་གདུང་བ་དགུན་ཁ་ནས་ཡོལ་འགྲོ་བ་དང་། ལྟོགས་པའི་གདུང་བ་ཟས་ཀྱིས་དེད་པ་བཞིན་ཆེས་དཀའ་སྡུག་གི་དུས་དེ་བཟོད་བསྲན་བྱེད་ཐུབ་ན་བྱ་བ་གང་ཡང་སྒྲུབ་སླ་བས་བྱ་བ་སྒྲུབ་སྐབས་ངང་རྒྱུད་རིང་པོ་དགོས་པའི་དོན་བསྟན།
11ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག
སྲོག་ཆགས་འཕར་བ་འགྲོ་སྐབས་ཕྱི་མ་རྣམས་སྔ་མའི་རྨིག་རྗེས་ཀྱི་ཐོག་ཏུ་གོམ་པ་སྤོས་ནས་འགྲོ་བ་བཞིན་ཕོ་རབ་ཤིག་ཡིན་ན་རང་གིས་བཤད་པའི་སྐད་ཆ་དོན་ཐོག་ཏུ་འཁྱོལ་དགོས་པ་སྟེ། ཁ་བདེན་ཚིག་གནས་བྱེད་དགོས་པའི་གནས་ལུགས་བསྟན།
12ལས་བཟའ་མང་སྐྱིད། ཟས་བཟའ་ཉུང་སྐྱིད།
བྱ་བ་སྒྲུབ་དུས་མི་མང་ན་དགའ་བ་དང་། ཁ་ཟས་བཟའ་དུས་མི་ཉུང་ན་དགའ་བ་ཡིན་ཞེས་པ་སྟེ་དོན་དུ་བྱ་བ་སྒྲུབ་དུས་ཡུལ་གྱི་ཆ་རྐྱེན་ལ་བསྟུན་དགོས་པའི་གནས་ལུགས་བསྟན།
14ཟས་ཁ་ལ་ཞིམ་པ་བདུད་རྩི་ཡིན།གཏམ་རྣ་ལ་སྙན་པ་གཏམ་དཔེ་ཡིན།
ཟས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སྨན་ཡིན་ལ་སྐད་ཆའི་ནང་ནས་མཆོག་ཏུ་གྱུར་པ་ནི་གཏམ་དཔེ་ཡིན་ཞེས་གཏམ་དཔེའི་དགེ་མཚན་བསྟན་ཡོད།
15སོ་ནང་གི་སྲིན་འབུ། མིག་ནང་གི་འཚེར་མ།
སོ་ན་བ་ནི་སོ་ནང་སྲིན་འབུའི་བྱེད་ལས་ཡིན་པ་དང་མིག་ན་བ་ནི་འཚེར་མའི་བྱེད་ནུས་ཡིན། མདོར་ན་རང་ཉིད་ལ་གནོད་པར་བྱེད་པའི་རྐྱེན་གཙོ་བོ་དེ་མེད་པར་བཟོ་དགོས་ཞེས་པའི་དོན།
16བདེན་ལུང་པ་གཉིས་དེ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་།
ལུང་པའི་ཕུ་ཐག་རིང་བ་བཞིན་ལས་བདེན་པ་བྱས་ན་ཕུགས་བརྟན་པ་དང་། ཨ་བྲའི་རྔ་མ་ཐུང་བ་བཞིན་གཡོ་རྫུན་གྱི་བྱ་བ་ཕུགས་མི་བརྟན་ཞེས་པ་སྟེ། བདེན་པའི་ལས་བསྒྲུབ་དགོས་པའི་གནས་ལུགས་བསྟན།
17ཉི་མའི་འཇའ་གུར་ཆར། ཟླ་བའི་འཇའ་གུར་རླུང་།
ཉི་མར་འཇའ་གུར་ཕུབ་ན་ཆར་པ་བབ་པའི་རྟགས་དང་ཟླ་བར་འཇའ་གུར་ཕུབ་ན་རླུང་ཆེན་པོ་ལྡང་ རྒྱུ་ཡིན་ཞེས་པའི་དོན།
18ཤར་འཇའ་འབྲུག ནུབ་འཇའ་ཆར།
འཇའ་ཤར་དུ་ཤར་ན་འབྲུག་སྒྲ་གྲགས་པ་ཙམ་ལས་ཆར་པ་མི་འབབ་པ་དང་། འཇའ་ནུབ་ཏུ་ཤར་ན་ཆར་པ་ཆེན་པོ་འབབ་པའི་རྟགས་ཡིན་ཞེས་པའི་དོན་ཡིན།
19ཞོགས་སྔ་མོའི་སྤྲིན་དམར་ཆུ་ཡིན། དགོང་ཕྱི་དྲོའི་སྤྲིན་དམར་མེ་ཡིན།
ཞོགས་པ་མཚམས་སྤྲིན་འཁོར་ན་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དགོང་དྲོ་མཚམས་སྤྲིན་འཁོར་ན་ཐན་པ་ཆེན་པོ་བསྟན་རྒྱུ་ཡིན་ཞེས་པའི་དོན།
20མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན།
རྒྱུ་ནོར་གྱིས་བདག་པོ་མིན་པས་རྒྱུ་ནོར་གྱིས་བདག་པོ་བྱས་ཤིང་རྒྱུ་ནོར་གྱིས་བདག་པོ་ངོ་མ་སྒོ་ཁྱིའི་ཚུལ་དུ་ཕྱིར་ཕུད་པའི་དོན།