མ་གཞི་ངའི་བྱིས་དུས་ཀྱི་འཚོ་བ་ཡང་གཞན་གྱི་བུ་ཕྲུག་དང་བསྡུར་ན་སྐྱོ་སྣང་སྐྱེ་དགོས་པ་ཞིག་ཡིན། ང་རང་ལོ་བདུན་ནས་བཅུ་གསུམ་བར་དུད་ཚང་གཞན་ཞིག་གི་ནང་གཡོག་ཏུ་སོང་བ་ནས་བཟུང་། བྱིས་དུས་ཀྱི་དྲན་ཤེས་གསལ་ཤོས་ནི། རི་འགོར་ཕྱུགས་ཟོག་འཚོ་བར་འགྲོ་བ་དང་། ལོ་ཚོད་ལས་འགལ་བའི་སླེལ་པོ་ཞིག་འཁུར་ཏེ་མེ་ཤིང་འཐུ་བ། རྫི་བོར་འགྲོ་ཞོར་དུ་སྨན་རྩྭ་བརྐོ་བ་སོགས་རྫོགས་རྒྱུ་མེད་པའི་ཁྱིམ་ལས་ཙག་ཙིག་དག་ཡིན་ཞིང་། ཐ་ན་ལོ་གཅིག་དུས་གཅིག་གི་ཁྱིམ་མི་མཉམ་འཛོམས་ཀྱི་ལོ་གསར་རིང་ལའང་རང་ཁྱིམ་དུ་ལོག་དབང་མེད། དེ་ལྟར་མི་ལོ་དྲུག་ཙམ་འདས་རྗེས། བྱིས་པའི་སེམས་པར་ཧ་ཉིད་ཕྲན་བུ་གོ་བ་འདྲ་སྟེ། ཁྱིམ་དུ་ལོག་འདོད་ཀྱི་སེམས་པ་ཉིན་རེ་ནས་ཉིན་རེ་བཞིན་མ་འདས་པར་ཇེ་ཆེ་ནས་ཇེ་ཆེར་སོང་སྟབས། བཅུ་གསུམ་བྱིས་པའི་སྐག་ལ་སེམས་ཐག་གཙང་བཅད་ངང་། ཨུ་ཚུགས་མཐར་སྐྱེལ་བྱས་ཏེ་དྲིན་ཆེ་བའི་ཕ་མ་དང་། གཅེན་གཅུང་གཉིས་པོའི་གམ་དུ་ལོག་པ་དང་། དུས་དེ་ནས་བཟུང་ཨ་མ་མ་གྲོངས་བར་རང་ཁྱིམ་དུ་ཨ་མའི་ནད་གཡོག་ཕྲན་བུ་ཙམ་ཞིག་རྒྱུག་རྒྱུ་བྱུང་། ད་ཆ་བསམ་ན་ཡང་། ཨ་མའི་ནད་གཡོག་ཕྲན་བུ་ཙམ་ཞིག་རྒྱུག་རྒྱུ་བྱུང་བ་དེ་ནི། ངའི་ཚེ་འདིར་ཨ་མའི་དྲན་གདུང་སེལ་བྱེད་ཀྱི་རྗེས་དྲན་གཅིག་པུ་དེ་ཡིན།
དུས་ཡུན་གང་མཚམས་འདས་རྗེས། ཨ་ཕས་ང་གཞན་གྱི་མག་གཡོག་ཏུ་བཏང་བྱུང་། དྲང་པོར་བཤད་ན། ཨ་ཕས་དེ་འདྲ་བྱ་ཡོང་སྙམ་པ་སྣང་བའི་ཡུལ་ལའང་མེད། གཅིག་བྱས་ན། དེ་ནི་ཁོང་གིས་ཐབས་ཤེས་མེད་པའི་ཐབས་ཤེས་ཤིག་བཏང་བ་འདྲ་སྟེ། ངེད་བུ་སྤུན་གསུམ་པོའི་ཁྲོད་ལས་གཅིག་རང་འགོ་ཐོན་ནའང་ཁྱིམ་གྱི་དཀའ་ངལ་ཆུང་དུ་འགྲོ་ངེས་ལ། མ་མཐའ་ཡང་མི་དེས་ཉིན་དེ་ནས་བཟུང་རང་ལ་དབང་བའི་མི་ཚེའི་ལམ་བུ་ཞིག་དོད་འགྲོ་རྒྱུ་ཉག་གཅིག་རེད། འོན་ཀྱང་། གླང་རྒན་ལ་ཆུ་འཐུང་འདོད་མེད་ན། གཉའ་ནས་མནན་པས་ཅི་ལ་ཕན། དེ་བས་འདམ་ཁུ་ཉོག་མ་ཞིག་གིས་གླང་རྒན་གྱི་ཡི་ག་ཇི་ལྟར་དང་།
རེད། མག་གཡོག་ཟེར་བ་ནི་ཁ་ནས་མག་པ་ཡིན་ཞེས་བརྗོད་ཀྱང་། དོན་དུ་གཡོག་པོ་དང་ཁྱད་པར་མེད། ཁྱེད་ཀྱིས་ཤེས་སམ། ང་མག་པར་བསྐྱོད་སའི་དུད་ཁྱིམ་དེའི་ཁྱིམ་གྱི་འབྱོར་ཁོས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ང་ལ་ངོ་སྤྲོད་བྱས་པའི་བུད་མེད་དེའི་ལོ་གྲངས་ནི……ཨ་ཙི། ད་དེ་ཚོ་འཆད་ནས་ཅི་བྱེད། གང་ལྟར་སྐབས་དེར་རྒྱུ་རྐྱེན་ངེས་ཅན་ཞིག་མེད་ན་ཨ་ཕས་ང་འདི་ལྟར་ཨུ་ཚུགས་མཐའ་སྐྱེལ་ངང་གཞན་གྱི་མག་གཡོག་ལ་གཏོང་མི་སྲིད། ཁོ་ཚོའི་ཁྱིམ་དེར་ཉིན་བཅོ་ལྔ་བསྡད་རྗེས་ཕྱིར་རང་ཁྱིམ་དུ་ལོག་སྟེ་ཨ་ཕར་ང་མག་གཡོག་ཏུ་མི་གཏོང་རོགས། ཁྱིམ་ལ་སྡོད་དུ་འཇུག་རོགས་ཞེས་ཞུ་བ་ཕུལ་བ་ཡིན། ཨ་ཕས་ངག་འཇམ་པོའི་ངང་། ཁྱོད་ཀྱིས་ཕྱིར་ལོག་སྟེ། མི་ཚེ་འཁྱོལ་བ་བྱོས་དང་། ཁོ་ཚོའི་ཁྱིམ་གྱི་ཆ་རྐྱེན་བཟང་བས་ཚེ་མཇུག་ལ་སྡུག་པོ་མྱོང་མི་དགོས་པ་ཞིག་ཡོང་ངེས་རེད། ངེད་ཚང་ལ་ཆགས་རྟེན་གང་ཡང་མེད་པ་ཁྱོད་ཀྱིས་ཤེས་གསལ་རེད་ཅེས་བརྗོད་བྱུང་། ངས་སྡུག་ཡུས་དང་སྦྲགས། ཁྱེད་ཀྱིས་ང་གསོད་རྒྱུ་ཡིན་ཞེས་བཤད་ཀྱང་གང་ལྟར་ཕྱིར་མི་ལོག་སེམས་ཐག་གོར་མོའི་རྡོ་ཡིན་ཞེས་ཁ་ལན་སློག་པ་ན། ཨ་ཕས་ད་ཁྱོད་ལ་འགྲོ་ས་འདུག་ས་ཡོད་ན་མགོ་ལག་འབྱར་ལ་སོང་ཞིག ཕ་མའི་ཁ་ཏ་བསླབ་བྱར་མི་ཉན་ན། ཁྱོད་ཀྱི་མི་ཚེ་ཁྱོད་ཀྱིས་མི་འཁྱོལ་བ་ཅི་ཡོད་ཅེས་བརྗོད་བཞིན་ཕྱག་འཇུག་དྲག་པོ་ཞིག་གནང་བྱུང་། ད་ལྟ་བསམ་ན། ཁྱེད་ཀྱིས་ང་གསོད་རྒྱུ་ཡིན་ཞེས་བརྗོད་ཀྱང་གང་ལྟར་ཕྱིར་མི་ལོག་སེམས་ཐག་གོར་མོའི་རྡོ་ཡིན་ཞེས་པའི་སྐད་ཆ་དེ་ནི། ངས་ཨ་ཕར་ཁ་ལན་སློག་པ་ཐེངས་དང་པོ་ཡིན་ཚོད་རེད། ཁོང་གི་སེམས་ནང་ཕྲུ་གུ་གཅིག་རང་འགོ་ཐོན་ན་སྙམ་པའི་རེ་བའི་མེ་སྟག་ཆུང་ཆུང་དེའི་སྟེང་། ངས་ཆུ་གྲང་མོ་སྐྱོགས་གང་བླུགས་ཏེ་ནག་འཚུབ་བེར་བཏང་བར་བཟོད་སྒོམ་བྱ་ཐབས་བྲལ་བ་འདྲ་སྟེ། ཁྱོད་དེ་ལྟར་མིན་ན་མགོ་ལག་འབྱར་ལ་སོང་ཞིག་ཅེས་བཤད་བྱུང་། ཁོང་གི་སྐད་ཆ་དེ་སྐུ་རླུང་བཞེངས་ཐོག་ལ་ཁ་ནས་ཤོར་བ་མ་གཏོགས། ཕ་མ་སུ་འདྲ་ཞིག་ཡིན་རུང་རང་གི་བུ་ཕྲུག་ལྟོ་མེད་ལས་མེད་ངང་ཕྱི་ལ་གཏོང་འདོད་བྱེད་མཁན་སུ་ཡོད། དེ་བས་ཨ་མ་གྲོངས་ནས་ཡུན་རིང་མ་སོང་བའི་ཕྲུ་གུ་ཞིག་ལ་དེ་ལྟར་བརྗོད་པ་ནི། རང་ཉིད་ཀྱི་སྙིང་ལྤགས་རང་ཉིད་ཀྱིས་བཤུས་པ་མ་ཡིན་ནམ། འོན་ཀྱང་ངས་ཁོང་ལ་དེ་ལྟའི་བསམ་གཞིག་དང་བསྟུན་ཤེས་བྱ་རྒྱུ་ལྟ་ཅི། ལོ་ཆུང་གི་སེམས་པ་ཨུ་ཚུགས་ཚ་བའི་ཁར། མག་གཡོག་ལ་འགྲོ་བ་ལས་ཕྱོགས་ངེས་མེད་དུ་ལས་ཀ་ཙག་ཙིག་འཚོལ་བར་བསྐྱོད་ཀྱང་བཟང་། གང་ལྟར་ཁྱིམ་འདིར་འཁོར་ས་དང་ཆགས་ས་གཏན་ནས་མི་འདུག་སྙམ་སྟེ། ཁྱིམ་ནས་ཐོན་པ་ཡིན། དྲང་པོར་བཤད་ན་ཁྱིམ་ནས་ཐོན་པ་ཡིན་ཞེས་བརྗོད་རུང་། ཁྱིམ་ལས་ཁ་བྲལ་ཏེ་ཡུལ་གྱར་རམ་ཕྱོགས་ངེས་མེད་དུ་འཁྱམས་རྒྱུ་ལས། དེ་གར་བསྐྱོད་དེ་ལས་ཀ་འདི་འདྲ་ཞིག་བྱེད་ཨང་སྙམ་པའི་དམིགས་རྟེན་ནི་གང་ཡང་མེད། ད་ལྟའི་སྐད་ཆ་བཤད་ན། སྐབས་དེ་དུས་ཕོ་གསར་གྱི་ངར་དེ་ཁྱི་ངར་ཞེས་པ་ངས་མངོན་སུམ་དུ་ལག་ལེན་བསྟར་འདུག
མི་སོ་སོའི་ལས་དབང་རེད་ཟེར་ནའང་འདྲ། དཔྲལ་བའི་སྟེང་གི་རི་མོའི་འཐེན་ཕྱོགས་རེད་ཟེར་ནའང་ཆོག གང་ལྟར་ཕོ་གསར་གྱི་ཁྱི་ངར་བྱས་ཏེ་ཁྱིམ་ནས་ཐོན་པའི་ཉིན་དེ་ནས་བཟུང་། ངས་ལྟོ་གོས་ཕྱིད་ཐབས་ཀྱི་ཕག་ལྟོ་སྟེར་མཁན་བྱེད་མྱོང་ལ། ཨར་སྐྲུན་ལས་གྲྭའི་སྦྱིན་བདག་ཀྱང་བྱེད་མྱོང་། བྱ་ཁྱུའི་དབུས་ཀྱི་ཕོ་རོག་དཀར་པོ་བྱེད་མྱོང་ལ། བྱ་གཞག་གསར་གཏོད་པ་ཡི་ཆོ་ལོ་ཡང་ཐོབ་མྱོང་། གང་ལྟར་མཐོ་འཕྱུར་དམའ་འཇགས་ཀྱི་འགྱུར་ལྡོག་ནི་ང་ཡི་མི་ཚེའི་བསྐོས་ཐང་ཡིན་པ་འདྲ། ཐོག་མར་ལུང་པའི་མདོ་རུ་ཡོད་པའི་དམག་སྒར་ནང་ཕག་ལྟོ་སྟེར་བ་དང་། ཚལ་ཞིང་འདེབས་རོགས་བྱེད་པ། མེ་ཤིང་གཤག་རོགས་བྱེད་པ་སོགས་ཀྱི་ལས་སྣ་ཙག་ཙིག་འདྲ་བྱས་ཏེ། ལྟོ་གོས་དམག་སྒར་ནས་ཕྱིད་ཙམ་བྱུང་། དེ་ནས་ལོ་ངོ་གཅིག་ཙམ་འདས་པའི་དབྱར་ཁ་ཞིག་ལ། དམག་སྒར་གནས་སྤོ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག ཉིན་ཞིག་དམག་དཔོན་གྱིས་ཁོང་གི་གམ་དུ་བོས་ཏེ། ངེད་ཚོར་གླ་ཡོད་ངལ་རྩོལ་དང་། རྩལ་ནུས་སྦྱོང་ས་ཞིག་ཡོད་པས་ཁྱེད་ལ་འདོད་མོས་ཡོད་ན། དེར་ཞུགས་དང་། ལག་རྩལ་དང་ཡོང་འབབ་གཉིས་ཀ་ཡོད། ཅེས་གསུངས། ངས་ལས་ཀ་གང་ཞིག་བྱ་དགོས་སམ། ཞེས་དྲིས་པར། དམག་དཔོན་གྱིས་གནས་སྐབས་རིང་ས་ཕག་རྒྱག་སྟངས་དང་། རྩིག་ཞལ་གཏོང་སྟངས་སོགས་ཨར་ལས་འཛུགས་སྐྲུན་གྱི་རྨང་གཞིའི་རྩལ་ནུས་སྦྱོང་རྒྱུ་རེད། གལ་ཏེ་ལག་རྩལ་བྱང་ཆུབ་པ་བྱུང་ན། རྗེས་སུ་ལས་གྲྭ་ཆུང་གྲས་ཀྱི་འཛུགས་སྐྲུན་བྱ་ཐུབ། ཁྱེད་ཀྱིས་འཇོན་ནམ། ཞེས་དྲིས། ངས་ཚམ་ཚོམ་མེད་པར། ཨེ་འཇོན་མི་འཇོན་ལྟ་རྒྱུ་ཡིན། ཁྱེད་ཀྱིས་བཀོད་སྒྲིག་གནང་རོགས་ཞེས་ཞུས་པས། ཁོང་གིས་གཙོ་བོ་ཁྱེད་ཀྱིས་དཀའ་སྤྱད་སྡུག་རུས་འཁྱོགས་མིན་དང་འགན་འཁྲི་ཁུར་མིན་ལ་རག་ལུས་ཡོད། སང་ཉིན་ནས་བཟུང་། དེ་ལྟ་དེ་ལྟར་དང་འདི་ལྟ་འདི་ལྟར་གྱིས་ཞེས་བརྗོད་བྱུང་།