当前位置: 首页 > 通知公告 > ང་ནི་མི་སེར་དཀྱུས་མ་ཞིག་ཡིན།

ང་ནི་མི་སེར་དཀྱུས་མ་ཞིག་ཡིན།

2020年04月10日 15:58:37 访问量:136

ང་ནི་མི་སེར་དཀྱུས་མ་ཞིག་ཡིན།

 

ལྷ་གཡང་ནོར་བུ།

 

ལོ་དེར་བདག་གི་དྲིན་ཆེ་བའི་ཨ་མ་ཁོང་གཅིན་སྙི་ཟག་ཁུའི་ནད་ཀྱིས་མནར་ནས་གྲོངས་སོང་།  ཨ་མ་གྲོངས་སྐབས་ང་རང་ལོ་བཅོ་བརྒྱད་ལས་སོན་མེད།  ནར་སོན་མ་ཐག་པའི་གཞོན་ནུ་གཅིག་འདི་ལྟར་ཨ་མའི་འོ་ཐག་ཆད་ཀྱང་།  བྱམས་དང་བརྩེ་བའི་དྲོ་སྐྱིད་མ་མྱང་གོང་།  སྐྱོ་ལྷང་ལྷང་གི་ཁེར་རྐྱང་དུ་གྱར་དུས།  ནང་སེམས་ཀྱིས་བློས་མི་ཐོང་བ་བརྒྱ་དང་།  བཟོད་མི་ཐུབ་པ་སྟོང་ཡོད་ཅིང་།  སྡུག་གི་ཁུར་པོ་མི་འདོད་བཞིན་མགོ་ཐོག་ཏུ་ལྷུང་བ་ནི།  ཅི་འདྲའི་བཟོད་གླགས་བྲལ་བའི་མནར་གཅོད་ཐེངས་ཤིག་རེད་ཨང་།  དུས་དེ་ནས་བཟུང་།  ངའི་མི་ཚེར་མཐོ་རི་བོའི་རྩེ་རུ་འཛེག་འདོད་ཀྱི་ངར་ཤུགས་སྐྱེ་མྱོང་ལ།  དམའ་གཙང་ཆུའི་ནང་དུ་མཆོང་འདོད་ཀྱི་བསམ་བློ་ཡང་འཁོར་མྱོང་།  གང་ལྟར་དྲིན་ཆེ་བའི་ཨ་མ་ཁོང་འཇིག་རྟེན་མི་ཡུལ་འདི་ནས་གཏན་དུ་བྲལ་འགྲོ་སྐབས་ངས་མཆི་མའི་མཆོད་པ་འབུལ་རྒྱུ་ལས་གཞན་གྱི་ཐབས་ཤེས་ཅི་ཡང་ཪྙེད་མ་བྱུང་།

 

གཟུགས་སྟོབས་ཆེ་ལ་སྐུ་ཤ་འབྱོར་བ་དང་། མགོ་སྐྱེས་སྐྲ་ལོ་རྫོང་སྟུག་པའི་ཁར་ཅུང་ཟད་གྱེན་དུ་ཤད་ཅིང་།  དཔྲལ་ཞེང་ཆེ་ལ་སྨིན་མ་སྟུག་པའི་ཕོ་གཞོན་རྫིག་ཉམས་དོད་པོ་ཁོང་ལ་ཡང་སྙིང་མཐོ་རི་བོའི་རྩེ་རུ་འཛེག་འདོད་ཀྱི་ངར་ཤུགས་དང་། དམའ་གཙང་ཆུའི་ནང་དུ་མཆོང་འདོད་ཀྱི་དཀའ་ཚེགས་ཇི་ལྟ་བུ་ཞིག་འཕྲད་དམ་སྙམ་སྟེ།  སེམས་པ་རེ་ཞིག་ལྷོད་ལ་དབབ་མི་ཐུབ་པར་གྱུར།

དེ་རིང་ངེད་ཚོ་འདི་གར་ཡོང་དོན་ནི།  འཕྲིན་རྩོམ་ཞིག་འབྲི་བའི་རྒྱུ་ཆ་འཚོལ་བསྡུ་ཙམ་མིན་པར།  བདེ་མོའི་ཐང་ལ་སླེབས་ཟིན་པའི་སྐྱེས་བུ་འདིས།  གཟར་པོའི་རི་ལམ་ཇི་ལྟ་བུ་ཞིག་འགྲིམ་ཡོད་མེད་ཀྱི་བརྒྱུད་རིམ་རྟོགས་ཆེད་དང་།  གཞན་གྱིས་བགྲོད་མི་ཐུབ་པའི་ལམ་བུའི་སྟེང་ཁོང་གིས་བགྲོད་ཐུབ་པའི་རྒྱུ་མཚན་འཚོལ་ཕྱིར་ཡིན།

 

དང་ཐོག་ཁོང་གིས་ངེད་ཚོར་བྲ་བོའི་ལས་སྣོན་བཟོ་གྲྭ་འཛུགས་སྐབས་གོང་རིམ་དང་།  འབྲེལ་ཡོད་ཚན་པས་རྒྱབ་སྐྱོར་རོགས་རམ་གང་འདྲ་བྱས་ཡོད་མེད་དང་།  མང་ཚོགས་ཀྱིས་གཞོགས་འདེགས་གང་འདྲ་བྱས་མིན་སོགས་བརྗོད་པ་ལས།  རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་དང་འབྲེལ་བའི་སྐད་ཆ་ཟུར་ཙམ་ཡང་གླེང་མ་བྱུང་།  ཐ་ན་ཁྱེད་ཀྱི་མི་ཚེའི་བརྒྱུད་རིམ་ཁག་ཇི་མ་ཇི་བཞིན་བདག་ལ་གསུང་ན་འགྲིག་གམ་ཞེས་དམིགས་སུ་བཀར་བའི་དྲི་བ་ཞིག་བཏོན་རུང་།  ཁོང་གིས་ང་ལ་གཞན་ཚོས་སྦྱིན་བདག་དང་།  ཚོང་དཔོན་ཞེས་པའི་ཆོ་ལོ་ཞིག་བཏགས་ཡོད་པ་དེ་དོན་དངོས་ཡིན་རུང་།  རུམ་ནང་གང་ཡོད་མཛོག་མགོར་རྒྱུས་ཡོད་ཡིན་པས།  ང་མི་སྒེར་ཞིག་ལ་དམིགས་བསལ་གྱི་གླེང་རིན་ཆེ་བ་གཏན་ནས་མེད།  གལ་ཏེ་ཡོད་པའི་དབང་དུ་བཏང་རུང་།  དེ་ནི་ང་མི་གཅིག་གི་མཛུབ་མོས་གནམ་ཕུག་པ་མིན་པར། ཚང་མས་འཕྱར་བ་གྲུ་འདེགས་བྱས་པའི་འབྲས་བུ་རེད་ཅེས་གསུངས་བྱུང་།

 

ཁོང་གི་ལན་དེ་ངའི་བློ་རུ་བབ་མ་བྱུང་བས།  སླར་ཡང་དོ་ནན་ལ་གལ་པོ་ཆེའི་ཚུལ་དུ།  དེ་རིང་ང་ཡིས་རྒྱུས་མངའ་ལེན་སྙིང་འདོད་ཤོས་ནི་ཁྱེད་ཀྱི་མི་ཚེའི་བརྒྱུད་རིམ་ཡིན།  ཁྱེད་ལ་བྱ་གཞག་གསར་གཏོད་ཀྱི་ཐོག་མའི་ཀུན་སློང་ཇི་ལྟར་སྐྱེས་པ་དང་།  བར་དུ་དཀའ་ཚེགས་ཇི་འདྲ་འཕྲད་མིན་སོགས་ལ་ཉན་འདོད་ཆེན་པོ་ཡོད་ཅེས་བཤད་པ་ན།  ཁོང་གིས་ངག་བསྡམས་ནས་ཅུང་ཟད་བསྡད་རྗེས།  བཞིན་རས་ལས་སྐྱོ་ཉམས་ཤིག་འཕྱུང་བ་དང་སྦྲགས།  དེ་ནི་ངའི་ཨ་མ་འདས་མོ་ཁོང་གི་སྙུན་གཞི་དང་འབྲེལ་བ་ཡོད།  རེད།  ངའི་ཨ་མ་འདས་མོ་ཁོང་གི་སྙུན་གཞི་དང་འབྲེལ་བ་ཆེན་པོ་ཡོད།  ལོ་དེར་བདག་གི་དྲིན་ཆེ་བའི་ཨ་མ་ཁོང་གཅིན་སྙི་ཟག་ཁུའི་ནད་ཀྱིས་མནར་ནས་གྲོངས་སོང་…… ཞེས་བྱིས་དུས་ཀྱི་དྲན་ཤེས་ཤིག་ནས་ཤོད་འགོ་འཛུགས་རྩིས་བྱས་པ་དང་།  སླར་ཡང་གློ་ཆུང་ཞིག་ལུས་ཏེ།  རྒན་ལགས།  ད་དེ་ཚོ་གླེང་ན་སེམས་པ་སྐྱོ་བྱེད་ཙམ་ལས་ཕན་འབྲས་ཆེན་པོ་མེད།  ངས་ཀྱང་ཕྱིར་དྲན་བྱ་འདོད་དེ་ཙམ་མེད།  འོན་ཏེ་ཁྱེད་ཀྱི་བློ་ཡིད་ཚིམས་པ་ཞིག་ཡོང་རྒྱུ་ནི་དངོས་གནས་ཁག་པོ་རེད་ཅེས་གསུངས།

 

མ་གཞི་ཁོང་གི་སེམས་པའི་གཏིང་ཟབ་སར་སྦས་པའི་མི་ཚེའི་གསང་བ་དེ་དག་ཁྲོམ་དུ་སྒྲོག་འདོད་ཡེ་ནས་མིན་རུང་།  འདི་ལྟའི་གྲུབ་འབྲས་ཐོབ་པའི་ཁེ་ལས་པ་ཞིག་གི་མི་ཚེའི་བརྒྱུད་རིམ་ནི་ལྷུང་ལྷུང་དུ་བཞུར་བའི་ཆུ་བོའི་རྒྱུན་བཞིན་བདེ་བདེ་ལྷོད་ལྷོད་ངང་བགྲོད་ཐུབ་པ་ཞིག་གཏན་ནས་ཡིན་མི་སྲིད་སྙམ་བྱུང་ལ།  གོང་དུ་ཅུང་ཟད་ཨུ་ཚུགས་ཚ་དྲགས་པ་མིན་ནམ་སྙམ་པའི་འགྱོད་སེམས་ཕྲན་བུ་ཞིག་ཀྱང་སྐྱེས་བྱུང་།   འོན་ཀྱང་ད་ནི་ཁོང་གིས་གཏམ་གྱི་སྒོ་མོ་ཕྱེས་ཟིན་པས་ལམ་སེང་སྒྲ་ཕབ་བྱེད་འགོ་བརྩམས།

 

ངའི་ཐོག་མའི་མིང་ལ་བཀྲ་ཤིས་བསྟན་དར་ཟེར་གྱི་ཡོད།  ད་ལོ་ལོ་བཞི་བཅུ་ཐམ་པ་ཡིན།  མི་ཚོས་ང་ལ་བསྟན་དར།  བསྟན་དར་ཞེས་འབོད་པ་ལས།  བཀྲ་ཤིས་བསྟན་དར་ཞེས་མིང་ཆ་ཚང་འབོད་མཁན་ཉུང་ཉུང་ཡིན།  ཕྱིས་སུ་ཚོང་རྟགས་འགོད་སྐབས།  ངེད་ཚོའི་ལུང་པའི་མིང་ལ་སེང་གེ་ཞེས་འབོད་པ་དེ་རང་མིང་གི་མདུན་དུ་བཞག་ནས་སེང་གེ་བསྟན་དར་ཞེས་བྲིས་པ་ཡིན།  ད་ངས་སྐད་ཆའི་འགོ་མཇུག་མཐུན་མིན་དང་།  ཚིག་གྲལ་འགྲིག་མིན།  ནང་དོན་ཚང་མིན་སོགས་ལ་མ་ལྟོས་པར་གང་དྲན་པ་དེ་ཐད་ཀར་ཞུས་ཆོག

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心