当前位置: 首页 > 通知公告 > 浅谈藏文书法教学

浅谈藏文书法教学

2018年10月26日 12:00:40 访问量:381

བོད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་རྒྱུན་འཁོར་ཁྲོད་དུ་སྔར་ཡོད་ལེགས་སྤེལ་དང་སྔར་མེད་གསར་གཏོད་ཀྱི་བློ་སྟོབས་ལས་མ་འོངས་བོད་ཀྱི་སློབ་གསོའི་ལམ་ཕྱོགས་དེ་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་གྱི་མདུན་ལམ་བཟང་པོ་དང་སྟབས་བསྟུན་གྱིས་འདིར་རང་ལྗོངས་ཀྱི་ས་ཁུལ་དང་རྫོང་རེ་གཉིས་སུ་སློབ་ཆུང་སློབ་མར་བོད་ཀྱི་ཡིག་གཟུགས་སློབ་ཁྲིད་བྱེད་ཕྱོགས་ཐད་སྲོལ་རྒྱུན་རང་བཞིན་གྱི་ཡིག་གཟུགས་སློབ་ཁྲིད་བྱེད་ཐབས་ཀྱི་ཁྱད་ཆོས་འཛིན་མི་ཐུབ་པར་གང་འདོད་ཧོལ་རྒྱུགས་ཏུ་གཞན་གྱི་རྗེས་སུ་སོང་བར་བསམ་འཆར་ཕྲན་བུ་ཞིག་གླེང་བ་ནི།

དང་པོ། བོད་ཡིག་ཡིག་གཟུགས་སློབ་ཁྲིད་བྱེད་ཕྱོགས་དེ་བསླབ་གཞིའི་ཚད་གཞི་དང་མི་མཐུན་པའི་སྐོར།

བོད་ལྗོངས་ཀྱི་ས་ཁུལ་ཁག་གཅིག་དང་། རྫོང་རིམ་པའི་སློབ་ཆུང་དང་། གྲོང་ཚོ་ཁག་གི་སློབ་ལོ་སོན་པའི་སློབ་ཆུང་སློབ་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་བྱས་སྐབས་སུ་སྔར་གྱི་བོད་ཡིག་ཡིག་གཟུགས་སྦྱོང་བརྡར་སྤྲོད་སྟངས་སྦྱང་ཤིང་བེད་སྤྱོད་གཏོང་སྲོལ་ཡོད་པ་དེ་ད་ལྟ་བོད་ཀྱི་ཡུལ་ལུང་ཚང་མར་སྲོལ་རྒྱུན་རང་བཞིན་དེ་རྩ་བརླག་ཏུ་སོང་བ་མ་ཟད་ད་ལྟའི་འཆར་ས་ཁུལ་དང་རྫོང་ཁག་གཅིག་གི་སློབ་གྲྭ་ཁག་ཏུ་སྨྱུག་རིལ་ཙམ་ཡང་བེད་སྤྱོད་མ་བྱས་པར་ཞ་སྨྱུག་གིས་བོད་ཡིག་སྦྱོང་ཚན་ཐོག་བྲིས་ཀྱི་ཡོད་པ་རེད། དེས་རྐྱེན་པས་བོད་ཡིག་དབུ་མེད་ཚུགས་ཆེན་འབྲི་བར་བོད་ཀྱི་རྩ་བའི་ཡི་གེའི་འབྲི་ཚུལ་དང་ཤིན་ཏུ་ནས་མི་འཚམ་ཞིང་བྲིས་མི་དག་པ་འགྱུར་བ་དང་། བོད་ཡིག་གི་ཚུགས་ཐུང་དང་། ཚུགས་མ་འཁྱུག་ཚད་ལྡན་ཞིག་འབྲི་མི་ཐུབ་ཅིང་སློབ་ཆུང་སློབ་མའི་བོད་ཡིག་ཡིག་གཟུགས་ཀྱི་འབྲི་རྩལ་དེ་བསླབ་གཞིའི་དམིགས་ཚད་དང་བར་ཐག་ངེས་ཅན་ཞིག་འགྱངས་ནས་ཡོད།

གཉིས་པ། གསར་བསྒྱུར་གྱི་ལྟ་བ་ལས་བྱུང་བའི་ནོར་འཁྲུལ་གྱི་མཇུག་འབྲས་ལ་བསམ་གཞིགས་བྱ་རྒྱུ་མི་འདང་བའི་སྐོར།

རང་ལྗོངས་ཀྱི་ས་ཁུལ་དང་རྫོང་དེ་དག་ལ་བོད་ཡིག་འབྲི་སྲོལ་འདི་ལྟར་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སྔར་གྱི་རིག་གནས་གསར་བརྗེའི་སྐབས་སུ་བྱུང་བའི་གཡོན་ཐལ་གྱི་ལྟ་བར་ཡོད་ཚད་གསར་པར་བརྗེ་བསྒྱུར་བྱེད་དགོས་པའི་ལྟ་སྒྲུབ་ངན་པ་རང་སར་ལུས་པ་ཞིག་ཡིན། འོན་ཀྱང་རིག་གནས་གསར་བརྗེའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་རོལ་མོ་སྔར་ནས་མཇུག་བསྡུས་ཚར་ནའང་ད་དུང་གནད་དོན་འདི་ལྟ་བུ་ཞིག་ལྷག་ནས་ཡོད་པ་ནི། གཅིག་ནས་བོད་ཡིག་སློབ་ཁྲིད་དགེ་རྒན་རང་ཉིད་ཀྱིས་དོ་སྣང་མི་བྱེད་པའི་རྐྱེན་ལས་བྱུང་བ་དང་། གཉིས་ནས་ས་གནས་དེ་གའི་སློབ་གསོ་ཚན་པས་ཀྱང་བོད་སྐད་ཡིག་སློབ་ཁྲིད་བྱེད་ཕྱོགས་ཐད་ལ་དོ་འཁུར་བྱ་རྒྱུ་མི་འདང་བ། གསུམ་ནས་བོད་སྐད་ཡིག་སློབ་ཁྲིད་ཀྱི་རྩ་བའི་སློབ་ཁྲིད་ཀྱི་ལམ་ལུགས་དང་མི་མཐུན་ཞིང་སློབ་ཁྲིད་དམིགས་ཚད་དང་ཡོངས་སུ་རྒྱབ་འགལ་གྱིས་མ་དག་རྒྱུན་འབྱམས་སུ་སོང་བ་རེད།

གསུམ་པ། བོད་ཡིག་ཡིག་གཟུགས་ཚད་ལྡན་ཅན་དུ་འགྱུར་བར་བྱེད་པའི་གལ་ཆེའི་དོན་གནད་སྐོར།

དང་པོ། ས་ཁུལ་དང་རྫོང་ཁག་གི་བོད་ཡིག་སློབ་དཔྱོད་ཚན་པས་སྐུལ་འདེད་གཏོང་དགོས་པ།

ས་ཁུལ་དང་རྫོང་རིམ་ཁག་གི་བོད་ཡིག་སློབ་དཔྱོད་ཁང་གི་འགོ་ཁྲིད་ཚན་པས་བོད་སྐད་ཡིག་མཛུབ་ཁྲིད་ལྷན་ཁང་གི་མཛད་ཕྱོགས་སྲིད་ཇུས་ཡང་དག་པ་སློབ་སྦྱོང་གིས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་འཐུས་ཤོར་མེད་པར་ལག་སྟར་བྱེད་ཕྱིར་གོང་རིམ་ནས་གཤམ་འོག་གི་སློབ་གསོ་སློབ་ཁྲིད་དངོས་ནང་ཞུགས་བཞིན་པའི་བོད་ཡིག་སློབ་དཔྱོད་ཁང་གི་འགན་འཛིན་མི་སྣ་དང་དགེ་རྒན་རྣམས་ལ་བོད་སྐད་ཡིག་ཚད་ལྡན་ཅན་དང་། བོད་ཡིག་ཡིག་གཟུགས་ཚད་ལྡན་ཅན་དུ་འགྱུར་བར་དཀའ་གནད་དྭོགས་སེལ་དང་། ལྷག་པའི་གནད་དོན་ལ་ཡོ་བསྲང་། བོད་ཀྱི་ཡི་གེ་ཐོག་མ་འབྲི་བའི་ལུགས་མཐུན་རང་བཞིན་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་གང་ལེགས་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།

གཉིས་པ །བོད་ཡིག་དགེ་རྒན་གྱིས་བོད་ཡིག་ཡིག་གཟུགས་ཚད་ལྡན་སློབ་ཁྲིད་བྱེད་དགོས།

ས་ཁུལ་སློབ་ཆུང་དང་རྫོང་སློབ་ཆུང་། གྲོང་ཚོ་ཁག་གི་བོད་ཡིག་སློབ་ཁྲིད་དགེ་རྒན་ཚོས་ལྗོངས་ལྔའི་སྐད་ཡིག་བསླབ་གཞིའི་རྩ་འཛིན་ནང་འཁོད་པ་ལྟར་བོད་ཡིག་གཡིག་གཟུགས་ཀྱི་རྨང་གཞི་བརྟན་པོ་ཞིག་དང་ལོ་རིམ་སོ་སོའི་བོད་ཡིག་ཡིག་གཟུགས་དམིགས་ལེགས་སྒྲུབ་ཐུབ་ཕྱིར་སློབ་ཆུང་བསླབ་གཞི་ནང་འཁོད་པ་ལྟར་༼ བོད་ཀྱི་ཡིག་མཁན་གྱི་གཅེས་ནོར་ལྔ་ ༽ཞེས་པའི་སློབ་ཚན་སློབ་ཁྲིད་བྱེད་སྐབས་དེའི་སློབ་ཚན་གྱི་བརྗོད་བྱར་གཞིགས་ནས་ལོ་ངོ་སྟོང་གི་སྔ་རོལ་དུ་བོད་རྗེ་སྲོང་བཙན་སྒམ་པོས་སློབ་དཔོན་ཐོན་མི་རྒྱ་གར་དུ་ཡི་གེ་སློབ་པར་མངགས་ནས་ཕྱིས་བོད་དུ་ཕེབས་ཏེ་བོད་ཡིག་གསར་བཅོས་ཆེན་པོ་མཛད། དེ་ལྟར་བོད་ཡིག་དར་འཕེལ་བྱུང་བ་དང་ཆབས་ཅིག་ཏུ་བོད་ཤོག་དང་། བོད་སྨྱུག སྣག་ཚ། སྣག་བུམ། སྨྱུག་གྲི་བཅས་བེད་སྤྱོད་ཀྱིས་བོད་ཀྱི་ཡིག་གཟུགས་འབྲི་རྒྱུན་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བ་དང་། ཡིག་ཆས་འདི་དག་ཀྱང་ལོ་ངོ་སྟོང་གི་ནང་བོད་ཡིག་འབྲི་བར་མེད་དུ་མི་རུང་བ་ཞིག་ཏུ་འགྱུར་ཡོད། ཡིན་ནའང་བོད་ཀྱི་ས་ཁུལ་དང་རྫོང་རེ་གཉིས་སུ་སློབ་ཆུང་སློབ་ཕྲུག་རྣམས་བོད་ཡིག་འབྲི་བར་ཞ་སྨྱུག་བེད་སྤྱོད་ཁོ་ན་བྱས་པ་ལས་སྨྱུག་རིལ་བེད་སྤྱོད་རྩ་བ་ནས་མེད་རྐྱེན་བོད་ཡིག་གི་ཡི་གེའི་༼ ནས་འབྲུ། ༽ཟེར་བ་དང་༼ མཐེབ་རིལ་གཏོང་བ། ༽ ༼ ཡི་གེའི་གུག་ཆ་ཤ་རྒྱགས་ལོས། ༽ ༼ ཡི་གེའི་དཀར་ཆ་ནག་ཆ་སྙོམས་ལོས། ༽ ༼ ཐིག་ཚད་འཛིན་སྟངས། ༽སོགས་ཅི་ནས་ཀྱང་བརྗོད་དུ་མེད་པ་མ་ཟད། བོད་ཡིག་གི་འབྲི་རྒྱུན་རྩ་བའི་ཆ་ནས་ལུགས་མཐུན་མེད་པ་ཞིག་ཏུ་འགྱུར་ཟིན། དེས་ན་དགེ་རྒན་རང་ཉིད་ལའང་ད་ལྟ་སློབ་ཁྲིད་བྱེད་བཞིན་པའི་དོན་འདིས་སློབ་མ་ཚོ་ལའང་ཅི་ཡང་བཤད་རྒྱུ་མེད་པར་ངོ་ཚ་ཁ་སྐྱེངས་སུ་འགྱུར་རྒྱུ་རེད་ལ་སློབ་ཁྲིད་བྱས་པའི་སྤོབས་པ་ཙམ་ཡང་མེད་པར་འགྱུར་བར་གདོན་མི་ཟ། དེས་ན་བོད་ཡིག་དགེ་རྒན་གྱིས་བོད་ཀྱི་ཡིག་མཁན་གྱི་གཅེས་ནོར་དུ་འགྱུར་ཞིང་ལོ་སྟོང་དུ་སྤྱོད་པའི་ཡིག་ཆས་དེ་དག་བོད་ཡིག་འབྲི་མཁན་གྱི་སྲོལ་རྒྱུན་རང་བཞིན་དུ་འགྱུར་བ་འདི་མི་ཉམས་རྒྱུད་སྤེལ་གྱི་འགན་འཁྲི་དང་པོ་འཁུར་ཏེ་སློབ་མར་བོད་ཡིག་ཡིག་གཟུགས་འབྲི་སྐབས་ངེས་པར་དུ་བོད་སྨྱུག་བེད་སྤྱོད་བྱེད་དུ་འཇུག་དགོས་ཤིང་དགེ་རྒན་རང་ཉིད་ནས་སློབ་མའི་སྦྱོང་དེབ་ཐོག་ཏུ་ལོ་རིམ་སོ་སོའི་སྨྱུག་འགྲོས་དང་མཐུན་པའི་བོད་སྨྱུག་ཁ་ལེབ་མོ་སེག་ཤ་ཡོད་པས་དྲོས་རྒྱག་ནས་བོད་ཡིག་ཡིག་གཟུགས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་པ་བྱེད་དགོས།

གསུམ་པ། དུས་ཚོད་དམ་འཛིན་གྱིས་མ་དག་རྒྱུན་འབྱམས་སུ་འགྱུར་བའི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་དགོས།

ས་ཁུལ་དང་རྫོང་ཁག་གཅིག་གིས་ད་ལྟའི་དུས་སུ་བོད་སྐད་ཡིག་ཚད་ལྡན་ཅན་དུ་འགྱུར་བར་བོད་སྐད་ཡིག་མཛུབ་ཁྲིད་ལྷན་ཁང་ནས་བཏོན་པའི་ལོ་དུས་ཀྱི་མིང་བརྡ་གསར་པ་དུས་ཐོག་ཏུ་སློབ་སྦྱོང་བྱེད་པ་དང་། བོད་སྐད་ཡིག་ཡིག་གཟུགས་ཚད་ལྡན་ཅན་དུ་འགྱུར་བར་བྱེད་པར་ལྗོངས་ལྔའི་བོད་སྐད་ཡིག་བསླབ་གཞིའི་རྩ་འཛིན་ལྟར་བོད་ཀྱི་སྲོལ་རྒྱུན་རང་བཞིན་གྱི་ཡི་གེའི་འབྲི་སྲོལ་བོད་སྨྱུག་བེད་སྤྱོད་བྱེད་ཀྱིས་ཀ་ཁའི་ཤོག་ཐིག་ལོ་རིམ་སོ་སོའི་ཚད་གཞི་དང་མཐུན་པའི་སྒོ་ནས་སློབ་མར་བྲིས་སྦྱོང་སློབ་དགོས་པ་དང་དགེ་རྒན་རང་ཉིད་ནས་སྨྱུག་རིལ་ལམ་ཡང་ན་ལྕགས་སྨྱུག་ཁ་ཆེ་རིགས་འཁྱེར་ནས་སློབ་མའི་སྦྱོང་དེབ་ཐོག་ཡི་གེ་རེ་རེ་ནས་རྒྱས་བསྡུས་སྣ་ཚོགས་ཀྱིས་ནན་ཏན་གྱིས་སློབ་ཁྲིད་བྱས་ནས་བོད་ཡིག་ཞ་སྨྱུག་གིས་འབྲི་བའི་ལུགས་སྲོལ་ངན་པ་དོར་ནས་མ་དག་རྒྱུན་འབྱམས་སུ་སོང་རིགས་གང་འགྱོགས་ཐག་གཅོད་ཀྱིས་ཡང་དག་པའི་བོད་ཀྱི་སློབ་ཁྲིད་ཀྱི་ཆོས་ཉིད་དང་མཐུན་པ་བྱེད་དགོས།

མདོར་ན་མ་འོངས་བོད་ཀྱི་སློབ་གསོའི་འཕེལ་འགྱུར་ལ་ཁ་ཕྱོགས་ཏེ་གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་ཐོག་ལྷག་པའི་གནད་དོན་དུས་ཐོག་ལ་ཡོ་བསྲང་དང་ཡང་ནས་ཡང་དུ་གསར་བཅོས་དང་ཡར་རྒྱས་གོང་འཕེལ། གནའ་དེང་གི་ལེགས་ཆའི་ཉིང་བཅུད་བསྡུ་རུབ་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ཚད་ལྡན་ཅན་དུ་འགྱུར་བར་ནུས་ཤུགས་གང་ཡོད་འདོན་པར་རིགས་སོ། །

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心