当前位置: 首页 > 通知公告 > ངའི་པ་ལགས།

ངའི་པ་ལགས།

2020年05月19日 16:44:30 访问量:804

འཕེལ་རྒྱས་མྱུར་བའི་ཚན་རྩལ་གྱི་ཡོ་བྱད་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། ཚན་རྩལ་ལེགས་་སྐྱེས་ཀྱིས་མིའི་འགྲོ་སྡོད་སྤྱོད་གསུམ་ལ་སྟབས་བདེ་ཚད་མེད་བསྐྲུན་པའི་དུས་སྐབས་འདིར། སྐྱེ་བོ་ཆེ་ཆུང་རྒན་གཞོན་མེད་པ་ལག་ཐོག་ཁ་པར་མི་འཁྱེར་མཁན་རྩ་བའི་ཆ་ནས་མཐོང་རྒྱུ་མེད་ལ། ལག་ཐོག་ཁ་པར་ནི་རང་གི་གྲིབ་གཟུགས་ལྟ་བུར་གྱུར་ནས་ཁ་པར་དང་ཁ་བྲལ་ཐབས་མེད་པ་མངོན་གསུམ་ཡིན།  

མི་རིང་བའི་དུས་ཚོད་ནང་ཕྲན་འཕྲིན་ཞེས་པའི་བརྡ་འཕྲིན་བརྙན་ཆས་གསར་པ་ཞིག་དར་ཁྱབ་བྱུང་བ་ནས་བཟུང་། ཕལ་ཆེར་ཉིན་གཅིག་གི་དུས་ཚོད་གསུམ་ཆ་གཅིག་ཙམ་འཕྲིན་ཕྲན་གྱི་ཆེད་དུ་བསྐྱལ་ཡོད་ཚོད་རེད། མཉེན་ཆས་དེས་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་སྤེལ་ཐུབ་ཅིང་། ཕན་ཚུན་བསམ་བློ་སྤེལ་རེས་དང་། འབྲེལ་ཟམ་འཛུགས་པ་སོགས་ཀྱི་ཐད་དགེ་མཚན་མི་ཉུང་བ་ཞིག་ལྡན་མོད། ལེགས་སྤེལ་ཉེས་འགོག་གིས་གཞན་གྱིས་བསྐུར་ཚད་རྨོངས་ཚོད་ངང་བདེན་པར་འཛིན་ཏེ་བརྒྱུད་བསྐུར་བྱེད་པ་དང་། རང་གི་དགའ་སྐྱོ་ཆགས་སྡང་གི་འཆར་སྒོ་ཡོད་ཚད་བསྐུར་བ་ནི་ཕ་རོལ་གྱི་དུས་ཚོད་འཕྲོ་བརླག་གཏོང་བྱེད་ཙམ་དུ་ཟད་ཅིང་། ལྷག་པར་དུ་བྱམས་སྙིང་རྗེ་དང་ཁྲེ་ངོ་ཚ་ཡེ་ནས་་མེད་པའི་བརྙན་ཕབ་སོགས་ཐ་ཤལ་སྤྱོད་ངན་རིགས་བརྒྱུད་གཏོང་བྱེད་པ་ནི་གཞན་སེམས་དཀྲུག་བྱེད་ཙམ་མ་ཟད་ལེགས་འགོག་ཉེས་སྤེལ་གྱི་ཅོང་བརྡ་སྒྲོག་པ་ཞིག་ཡིན་ནམ་སྙམ།  

ཉིན་དེའི་འཕྲིན་ཕྲན་གྱི་ནང་དོན་གཙོ་བོ་ནི་ཡབ་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྨོན་ཚིག་ཤ་སྟག་རེད། ཕྲུ་གུ་ཕ་མ་མེད་པ་མི་སྲིད་ཀྱང་། ལག་ཐོག་སྟོན་རྒྱུ་ཡོད་པ་རེ་རེ་ཙམ་ཞེས་པ་ལྟར། སྤྱིར་ན་འཇིག་རྟེན་འདིར་ལག་ཐོག་ཏུ་སྟོན་རྒྱུ་ ཡོད་མེད་ཙམ་ལས་ཕ་མ་མེད་པའི་བུ་ཕྲུག་མེད་ཀྱང་། ཉིན་དེའི་འཕྲིན་ཕྲན་གྱི་ནང་དོན་ལས་གྲོགས་པོ་སུ་དང་སུ་ལ་ཕ་མ་སྟོན་རྒྱུ་ཡོད་མེད་རྒྱུས་མངའ་རོབ་ཙམ་བྱུང་། བདག་གི་ཆུང་མས་ཀྱང་བུ་ཕྲུག་གཉིས་ཀའི་ཚབ་བྱས་ཏེ་བདག་ལ་ཡབ་ཀྱི་དུས་ཆེན་སྤྲོ་པོ་ཡོང་བ་ཤོག་ཅེས་པའི་འཕྲིན་ཕྲན་ཞིག་བསྐུར་འདུག  

དུས་ཆེན་དེ་ལྟ་བུ་ཞིག་ཡོད་པ་ངས་དེ་རིང་མ་གཏོགས་ཤེས་མ་བྱུང་། ངའི་ཕ་དམ་པ་ང་ཚོ་དང་གཏན་དུ་བྲལ་བ་ནས་བཟུང་། ང་རང་གཤོག་པ་ཆག་པའི་བྱིའུ་ཆུང་ཞིག་དང་འདྲ་བར། རང་འདོད་ལྟར་འཕུར་ལྡིང་བྱེད་པའི་སྟོབས་ཤུགས་ཉམས་ཤིང་། རྒྱ་ལམ་བཞི་མདོ་ཁ་རུ་ལུས་པའི་རྒྱུས་མེད་ཀྱི་འགྲུལ་པ་ཞིག་དང་འདྲ་བར། ཀྱག་ཀྱོག་མི་ཚེའི་འགྲུལ་བཞུད་རིང་མོར་སྣེ་ཤན་པའི་ཆ་མེད་ཀྱི་ཡུལ་སྐོར་བ་ཞིག་གྱུར། ཡིན་ན་ཡང་། ཡིད་སེམས་ཀྱི་ཁང་ཆུང་གྲུ་བཞིའི་ནང་ལྷམ་ལྷམ་དུ་འཚེར་བའི་སྙིང་ཁོང་གི་མར་མེ་ཁོང་ནམ་ཡང་ཁྲ་ལྷམ་མེར་གསལ་བཞིན་ཡོད།  

ཁོང་དང་འབྲེལ་བའི་འདས་སོང་གི་གཏམ་བརྒྱུད་གླེང་རྒྱུ་དེ་སྡུག་གི་རྨ་ཁར་གཏོར་བའི་དྲན་གདུང་གི་ཚྭ་ཆུ་ཁོ་ན་མ་ཡིན་པར། རྗེས་དྲན་གྱི་བསམ་གཞིགས་ལས་བརྡོལ་བའི་གླེང་རིན་ཡོད་པའི་མི་ཚེའི་གཏམ་རྒྱུད་འབའ་ཞིག་ཡིན་ཀྱང་ཡིན། ཆུང་དུས་ཁོང་དང་མཉམ་དུ་ནོར་རྫིར་འགྲོ་བའི་དབྱར་ཁ་ཞིག་ལ། ནོར་མང་ཆེ་བ་ཐག་རིང་གི་ནགས་ཚལ་སྟུག་པོའི་གསེབ་ཏུ་འཛུལ་བས། ཕ་བོང་ཞིག་གི་སྟེང་ནས་ལག་པ་གཡོན་མས་འུར་རྡོ་བསྐྱོན་སོང་། ངས་ཁྱེད་ཀྱིས་ལག་པ་གཡས་པས་འུར་རྡོ་མི་བསྐྱོན་པ་གང་ཡིན་ནམ་ཞེས་འདྲི་དུས། ཨ་ཕས་་ལག་པ་གཡས་པས་འུར་རྡོ་བརྒྱབ་ན་ནོར་གསོད་ཀྱི་རེད་ཅེས་ཟེར།  འོན་ཀྱང་སྐབས་དེ་དུས་ངས་ཁོང་གཡོན་ལག་ཡིན་པ་ག་ནས་ཤེས།  

ཁོང་ནི་རྟ་ལ་ཤིན་ཏུ་དགའ་བའི་མི་ཞིག་རེད། ལོ་དེར་རྟེའུ་སྐྱེས་ནས་ཉིན་ཤས་ལས་མ་སོང་བར་རྒོད་མ་རྩྭ་དུག་ཕོག་ནས་ཤི། ཁོང་གིས་རྟེའུ་དེར་འབྲིའི་འོ་མ་སྟེར་བ་དང་། སྤགས་སྟེར་བ། མཚན་མོ་རང་གི་སྔས་འགྲམ་དུ་འདོགས་པ་སོགས་རང་གི་བུ་ཕྲུག་ལྟར་གསོ་སྐྱོང་བྱས་རྐྱེན། རྗེས་སུ་རྟེའུ་དེས་ཁོང་གི་སྐད་ངོ་ཆོད་ཅིང་ཁོང་དང་མཉམ་དུ་ཁང་པའི་ནང་འཛུལ་ཡོང་མཁན་གྱི་རྟ་ཞིག་ཡོད། རྗེས་སུ་ན་གཅིག་པའི་རྒོད་མ་ཞིག་ལ་བརྗེས་ཏེ་ཕ་རྟ་འགྲོས་མ་རྐྱང་འཛི་ཞིག་བཏང་བས། རྟེའུ་ཟག་པ་ངོ་གདོང་དཀར་པོ་ཅན་ཞིག་ཁྲིད། ལོ་ངོ་གསུམ་བཞིའི་རིང་ཆེད་དུ་འཕྱིང་དཀར་གྱི་རྟ་ཁེབས་བརླ་ངོས་སུ་བལ་གྱི་མཐའ་རྒྱན་ལྡན་པ་ཞིག་བཙེམས་གནང་བ་དང་། དེའི་གཡོགས་བལ་གྱིས་བཏགས་པའི་གྲུམ་ཙེ་དམར་ཁྲ་ཞིག་བཏང་། ད་དུང་གླ་སྤུའི་འབོལ་གདན་གྲུ་བཞི་ཆུང་ཆུང་ཞིག་བཟོས་པ་མ་ཟད། ཡོ་བྱད་གཞན་ཆ་ཚང་གསར་པ་ཉོས་ཏེ་ནད་པར་སྨན་བཅོས་བྱེད་པར་འགྲོ་དུས་རྟ་དེ་བཞོན་ནས་འགྲོ་གི་ཡོད། གཞན་ཚོས་འཕྲུལ་འཁོར་ནང་མི་སྡོད་པ་གང་ཡིན་ནམ་ཞེས་དྲིས་ཚེ། ཁོང་གིས་རྩེད་མཚར་དང་ལྷན་དུ་འཕྲུལ་ཆས་ཅི་འདྲ་ཞིག་ལམ་དུ་སོང་ཡང་དེའི་མགྱོགས་པ་ལ་ཟེར་ནས་ཕྱིར་མིག་ལྟ་མཁན་གཅིག་ཀྱང་མེད། འོན་ཀྱང་རྟ་འགྲོས་མ་ཞིག་ལམ་དུ་བཞུད་ཚེ། ཚང་མས་རྟ་དེའི་འགྲོས་ཡག་པ་ལ་ཟེར་བཞིན་ཕྱིར་མིག་མ་བལྟ་རང་བལྟ་རེད་ཅེས་འཕྲུལ་ཆས་རིགས་ལ་ཡིད་སྨོན་རྩ་བ་ནས་བྱེད་ཀྱི་མེད།  

ང་རང་སློབ་ཆེན་ཐོན་ལ་ཉེ་བའི་ལོ་དེར་རྟ་ཟག་པ་བཙོངས་པའི་རིན་སྒོར་སུམ་སྟོང་ངའི་སློབ་ཡོན་ལ་བཏང་། ངས་ཁོང་ལ་བུ་ཕྲུག་ལྟར་བྱམས་སྐྱོང་བྱས་པའི་རྟ་དེ་བཙོང་ན་ཕངས་སེམས་མི་སྐྱེ་འམ་ཞེས་འདྲི་དུས། ཁོང་གིས་ཚོང་ཨེ་ཚོང་ཟེར་དུས་མ་བཙོང་ན། ཨེ་ཉོ་ཟེར་དུས་ཁུག་ལེ་མིན་ཅེས་བཤད་བྱུང་། ཕྱིས་སུ་ཁོང་གིས་རྟ་དེ་རྭ་སྒྲེང་ཕུའི་འབྲོག་སྡེ་ཞིག་གི་སྒོར་ཡོད་ཅིང་། ཁུལ་དེའི་རྟ་རྒྱུག་སྐབས་ཨང་གསུམ་པ་བླངས་སོང་ཟེར་བ་གོ་ཐོས་བྱུང་བས། ད་ལྟོ་མེད་ལས་མེད་དུ་གྱུར་མེད་སྟབས་ཏན་ཏན་བདག་སྐྱོང་ཡག་པོ་ཡོད་ངེས་རེད་ཞེས་བཤད་བྱུང་། ཁོང་གི་རྣམ་འགྱུར་དང་མིག་མདངས་ལས་རྟ་ཟག་པ་སེམས་གཏིང་ནས་བརྗེད་མེད་པ་ངང་གིས་རྟོགས་ཐུབ།  

ཁོང་1973༣ལོའི་ནས་བཟུང་། སྨན་པ་རྐང་རྗེན་མ་བྱས་ཤིང་། སྐབས་དེའི་རྫོང་གི་འགོ་ཁྲིད་ཡོང་ནས་ཆེད་དམིགས་སྨན་པའི་སློབ་གྲྭར་གཏོང་དགོས་རྒྱུའི་སྐུལ་སློང་བྱས་རུང་། རུ་ཁག་སྐར་མ་ཆག་གི་རེད་་ཅེས་སྤོ་ལགས་ཀྱིས་བཏང་མེད། སྐབས་དེར་ཁོང་གི་ན་ཚོད་མཉམ་པ་སློབ་གྲྭར་བཏང་བ་རྣམས་ད་ཆ་ལྷ་སའི་སྨན་ཁང་ཆེ་གྲས་སུ་བྱ་བ་སྒྲུབ་བཞིན་ཡོད། འོན་ཀྱང་ཁོང་གིས་ངའི་རྒྱལ་ཁབ་ལས་བྱེད་པའི་སྐལ་བ་བུ་ཕྲུག་ཚོར་བྱུང་ན་འགྲིག་པ་རེད་ཅེས་ང་ཚོ་སློབ་གྲྭར་གཏོང་གང་ཐུབ་བྱེད་པ་ལས་རང་གི་ལས་དབང་ལ་འཁང་ར་ཡེ་ནས་བྱེད་མྱོང་མེད།

ལོ་མང་རིང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོབ་པས་སྨན་ཅོས་ཀྱི་ལག་རྩལ་ཡག་པོ་ཡོད་ལ།ནད་པར་གཙང་བཙོག་རྩ་བ་ནས་ལྟ་གི་མེད། ཁོང་གིས་གཉེན་རྒྱུད་ཀྱི་བུད་མེད་ཕྲུ་གུ་སྐྱེ་མ་ཐུབ་པའམ་ཕྲུ་མ་ཐོགས་པ་འདོན་དགོས་དུས་འཚེར་པོ་ཡོད་ཀྱང་། སྲོག་ལ་ཐུགས་ན་ངོ་ཚ་ལྟ་ལོང་ག་ལ་ཡོད་ཅེས་གསུང་གི་རེད། 

 ངའི་དྲན་གསལ་ལ་ཐེངས་ཤིག་སྐྱེས་པ་འགའ་ཨ་ཁུའི་ནང་དུ་ཆང་འཐུང་རྒྱག་བཞིན་འདུག ཁོང་གིས་ལྕགས་ཕོར་ཞིག་གི་ནང་དུ་ཆང་བཏུང་བས། ཨ་ཁུས་རྣམ་རྟོག་སློང་མཁན། དངུལ་ཕོར་གཅིག་ཚུགས། སྐྱེ་དམན་གྱི་རྐུབ་ལ་སྦར་ར་རྒྱག་མཁན་ཞེས་དམའ་ཕབ་སོང་། ཁོང་གིས་ཅོ་ཅོ་དྲིན་ཅན། ཚེ་འདིར་ལྕགས་ཕོར་མ་གཏོགས་དངུལ་ཕོར་བསྐོས་མ་སོང་། གལ་ཏེ་སྐྱེ་དམན་གྱི་རྐུབ་ལ་སྦར་ར་མ་བརྒྱབ་ན་ལྕགས་ཕོར་འདི་ཡང་ཁག་པོ་རེད་ཅེས་ལན་བརྒྱབ་པས་ཡུད་ཙམ་རིང་ཁེངས་དགོད་སྒྲས་ཁེངས།

སྤོ་བོ་ལགས་དམ་པ་ཚེའི་འཕེན་པ་རྫོགས་ལ་ཉེ་བའི་ཞོགས་པ་དེར་ཁོང་སྔར་རྒྱུན་བཞིན་མལ་ལས་ལངས་རྗེས་སྤོ་ལགས་ཀྱི་སར་བསྐྱོད་པ་དང་རང་ཉིད་ཀྱི་ཕ་དྲིན་ཅན་ལ་གསོལ་ཇ་ཕོར་པ་གང་ཕུལ་ནས། རྩ་ནན་གྱིས་བརྟག་རྗེས་སྒོ་ཕྱིར་ཐོན་སོང་། ཉི་མ་ཤར་ནས་ཡུད་ཙམ་སོང་མཚམས་ཁོང་གིས་ཁ་ཐག་ཅུང་འགྱངས་བའི་ལུང་པ་གཞན་ཞིག་ནས་དགེ་འདུན་པ་ཁྲིད་དེ་ཁྱིམ་དུ་འཁོར་དུས་སྤོ་ལགས་ཕེབས་ནས་ཆུ་ཚོད་ཕྱེད་ཀ་ཡང་འདས་མ་སོང་ཞེས་ནང་མིས་བདག་ལ་གསུངས་མྱོང་། གཅིག་བྱས་ན་ཁོང་གིས་སྤོ་བོ་ལགས་ཀྱི་ནད་གཞི་མཁྱེན་ནས་ཆེད་མངགས་དགེ་འདུན་པ་གདན་འདྲེན་པར་སོང་བ་ཡིན་སྲིད།

ང་ཚོའི་ལུང་པར་མཚོན་ན། ཁོང་ནི་མེད་ཐབས་མེད་པའི་མི་ཞིག་ཡིན། ཁོང་སྙུང་གཞི་ཇེ་ལོད་དུ་སོང་ནས་ནད་ངོ་མ་ལོན་པའི་སྐབས་སུ་ཡུལ་མི་རྒན་གྲས་ཚོས་གལ་ཏེ་ཁོང་ལ་རྐྱེན་ངན་བར་ཆད་འདྲ་བྱུང་ཚེ་ཆུ་མགོ་ཆུ་གཞུག་གི་ཡུལ་མི་ཀུན་ལ་བྱུང་བའི་ཆག་སྒོ་རེད་ཅེས་ཟེར་གྱི་ཡོད། 

ཁོང་ནི་ཆང་རག་མཆོད་རྒྱུར་མཉེས་པོ་ཡོད། ས་ཕྱོགས་གཞན་ལ་སྨན་བཅོས་བྱེད་པར་བསྐྱོད་སྐབས་མང་ཆེ་བས་རྒྱུས་ཡོད་བྱས་ཏེ་ཁོ་རང་དགའ་བའི་ལྟོ་རེད་ཅེས་ཆེད་མངགས་ཁྱིམ་དུ་མེད་ཀྱང་གཞན་གྱི་ས་ནས་ཐབས་ཤེས་བྱས་ཏེ་ཆང་བླུགས་ཀྱི་ཡོད་པས། ཁོང་གིས་ཀྱང་འཐུང་རྐྱང་བྱེད་ཀྱི་ཡོད། ཕྱིས་སུ་ཁོང་གིས་ཆང་གང་ས་གང་ནས་བཏུང་།  གར་སླ་གསར་རྙིང་ཅི་རིགས་འདྲེས་པའི་རྐྱེན་གྱིས་ནད་གཞིས་འཇུས་པ་རེད་འདུག་ཅེས་གསུངས་མྱོང་། 

2009ལོའི་ཟླ་བ་5པར་ཁོང་ལ་ཁ་པར་གཏོང་སྐབས་ང་གཅིག་པུ་ནང་ལ་བསྡད་ཡོད། ནང་མི་གཞན་ཚོ་ཨ་ཁུའི་ནང་ལ་བརྙན་འཕྲིན་ལྟ་བར་སོང་ཟེར་མོད། དེ་དུས་ཆང་རག་མཆོད་དྲགས་ནས་དུས་རྒྱུན་ཞལ་ལག་མཆོད་མ་ཐུབ་པར་ཡུན་རིང་སོང་རྐྱེན་ཕོ་ཁྲག་ཤོར་ནས་སྨན་ཁང་དུ་བསྡོད་ཡོད་པ་ག་ནས་ཤེས།

ཁོང་གིས་ལེན་མྱོང་བའི་ཚིག་འབྲུ་གསལ་ལ་འགྱུར་ཁུག་སྙན་པའི་ཁྲམ་གླུ་དེ་ད་དུང་ཡང་ངའི་རྣ་བར་ལྷང་ལྷང་དུ་ཐོས་ཡོང་། རེད་ལགས། དྲིན་ཕ་མས་ང་ལ་རྫོ་ལེ་ལ། རྟ་རག་དཀར་གྲུག་་འགྱུར་གདའ་ཟེར། རྟ་རག་དཀར་གྲུག་ཤ་མི་འགྱུར་རྒྱུ།  སྟོད་ནག་ཚང་ས་ཐག་རིང་ལེས་རེད། དྲིན་ཕ་མས་་་་་་་་སྟོད་ནག་ཚང་ཟེར་བའི་ས་ཆ་དེར་ད་ལྟ་ང་རང་བྱ་བ་སྒྲུབ་བཞིན་ཡོད།

  ད་དུང་ང་རང་ལ་ལུག་གཡང་མོ་རི་རྩེ་འགྲིམ་པའི་དུས། རི་རྩེ་གསུམ་ཁ་བ་འབབ་འདྲ་ཡོད། ལུག་གཡང་མོ་རི་སྐེད་འགྲིམ་པའི་དུས། སྨན་བུ་མོས་དུང་ཆབ་བཅིང་འདྲ་ཡོད་་་་་ཅེས་པའི་རྫི་གླུ་དེ་བསླབ་མྱོང་། ངས་གཡང་དཀར་མ་མོའི་ཕ་སར་འབོད་པའི་འབྲོག་ར་འདིར་རྫི་གླུ་དེ་གཏོང་རིམ་བཞིན་སྙིང་ཁོང་རུས་པའི་གཏིང་ནས་ཁོང་དྲན་པའི་གདུང་བ་སེལ་ཐུབ་ཅིང་། འདི་ནི་ང་རང་ནམ་རྒྱུན་ཆེས་གཏོང་འདོད་ལ། སྤྲོ་བ་འཕེལ་བའི་གླུ་གཞས་གཅིག་པུ་དེ་ཡིན། རྫི་གླུ་དེས་ངའི་སེམས་ཀྱི་ངལ་དུབ་སེལ་ཞིང་། ཟད་མཐའ་མེད་པའི་སྒུལ་ཤུགས་དང་རྫོགས་མཐའ་མེད་པའི་ལོངས་སྤྱོད་གཅིག་ལུས་སེམས་ཀུན་དུ་དལ་བུས་ཁྱབ་ཡོང་བའི་ཚོར་སྣང་སྦྱིན་ཐུབ། 

གལ་ཏེ་ཁོང་སྐུ་འཚོ་བཞུགས་གནང་ཡོད་ཚེ། ངས་ཀྱང་ཡབ་ཀྱི་དུས་ཆེན་ལ་ཁོང་ལ་རྟེན་འབྲེལ་མཚོན་བྱེད་ཉུང་མཐར་ཡང་ཁ་པར་ཞིག་བཏང་ནས་འཚམས་འདྲི་དང་སྐྱིད་སྡུག་ཅི་རིགས་གླེང་བའི་སྐལ་བ་ཡོད་མོད། དེ་ནི་ཡོད་ཚད་འཇའ་ཚོན་གོས་སུ་རེ་བ་ཡིན་ཞིང་། ཁོང་གིས་སྔ་ས་ནས་རང་ལ་དབང་བའི་བདེ་ལྡན་གྱི་ལམ་བུ་ཞིག་བཟུང་ཡོད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ལ། ཁོང་དང་འབྲེལ་བའི་གཏམ་བརྒྱུད་རེ་རེ་ནི་ངའི་སྨྱུ་གུར་ཞུགས་པའི་ཚེ་སྲོག་གི་ཟུང་ཁྲག་དྲོན་མོ་དེ་ཡིན།    

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心