当前位置: 首页 > 通知公告 > ང་རྔ་གློ་བུར་དུ་ཤི་སོང་ན།

ང་རྔ་གློ་བུར་དུ་ཤི་སོང་ན།

2020年05月19日 16:46:08 访问量:233

                      

                     

འགྱུར་བཞིན་པ་ནི་ང་རང་རེད་ལ།

བཞུར་བཞིན་པ་ནི་དུས་ཚོད་རེད།

དུས་ཚོད་ཀྱི་འཁོར་སྐྱོད་རེ་རེའི་ཁྲོད་ན་ང་ཡི་ཚེ་སྲོག་གི་ཁྲག་རྒྱུན་འདྲེས་ཡོད།

ནམ་ཞིག་དུས་ཚོད་ཀྱི་ཐག་སྒྲ་ཆད་སོང་ན།

དེ་དུས་ངའི་ཚེ་སྲོག་གི་རྒྱུ་བ་ཆད་སོང་བ་ཡིན།

དེ་དུས་ཞེན་ཆགས་ཀྱི་ཐག་གུ་གཉེན་ཉེ་ལ་མདུད་པ་ཐེབས་ནས།

ང་རང་འཁྲེང་སེམས་ཀྱི་ཕྱིར་མིག་ཡང་ཡང་ཕྱོགས་དགོས་ཨང་།

ང་ལ་དགོས་རྒྱུ་ནི་རང་དབང་གི་འཇིག་རྟེན་ཞིག་ཡིན་མོད།

འོན་ཀྱང་། ངས་གང་མང་ཞིག་ལ་བདག་འཛིན་བྱས་པའི་རྐྱེན་གྱིས།

རང་དབང་གི་འཇིག་རྟེན་ཞིག་འཐོབ་རྒྱུ་དཀའ་ཚོད་རེད།

གལ་ཏེ་ང་གློ་བུར་དུ་ཤི་སོང་ན།

ང་ལ་བརྩེ་མཁན་དང་དུང་མཁན་དག་གིས།

ང་ཡི་ཕྱིར་དུ་མིག་ཆུ་མི་འཕེན་རོགས།   

ང་ཡི་ཕྱིར་དུ་ངུ་ཤུམ་མི་བྱེད་རོགས།

དེ་ལས་ལྡོག་ཏེ་སྙན་ངག་གི་ཕོ་བྲང་ནང་དུ་ང་ཡི་མིང་བྱང་འབྲི་རོགས།

སྙན་ངག་གི་བརྗོད་བྱའི་གསེང་ན་ང་ཡི་ལོ་རྒྱུས་བསྟིམས་ཏེ། 

སྐྱེ་བ་ཕྱི་མ་འམ་ཕྱི་མའི་ཕྱི་མ་ཞིག་ལ།

ངེས་པ་དོན་གྱི་སྙན་ངག་པ་ཞིག་གི་སྐྱེ་བ་ལེན་པར་ཤོག་ཅེས་སྨོན་ཚིག་བཀོལ་རོགས།

ང་རང་སྙན་ངག་ལ་དགའ་བའི་མི་བུ་ཞིག་ཡིན།

འོན་ཀྱང་།  ངས་སྙན་ངག་འབྲི་མི་ཤེས།

སྐབས་རེར་ངས་སྤོབས་པ་ཆེན་པོའི་ངང་འཇིག་རྟེན་འདིར་ཡོད་ཚད་སྙན་ངག་ཅིག་རེད།

ང་ནི་སྙན་ངག་གི་ཀློང་ན་སྐྱེས་ཏེ་སྙན་ངག་གི་ཁྲོད་ནས་མུ་གེ་འཆི་འགྲོ་བ་དེ་ཡིན་ཞེས་བརྗོད་མྱོང་།

སྐབས་འགར་ང་གང་ཞིག་ནས་འོངས་ཏེ་གང་ཞིག་ལ་འགྲོ་དགོས་པ་ཡང་ཤེས་ཀྱིན་མེད།

རེད་ཨང་། འཇིག་རྟེན་འདི་ཇི་འདྲའི་དགོད་བྲོ་ཨང་། 


                    ༢

ང་རང་གློ་བུར་དུ་ཤི་སོང་ན།

ནམ་ཞིག་ང་རང་གློ་བུར་དུ་གནམ་ས་གཉིས་མགོ་རྟིང་ལོག་ནས་མུན་པའི་གྲོང་དུ་ཐིམ་སོང་ན།

སྐབས་དེར་ང་རང་།

ཞིབ་འཇུག་བྱ་རྒྱུར་ལུས་པའི་ལོ་རྒྱུས་མང་པོ་དང་།

བཀླག་འཕྲོར་ལུས་པའི་སྙན་ངག་གང་མང་ཞིག་ལ་རྣམ་ཤེས་འཁོར་ངེས།

དེ་དུས་ལོ་རྒྱུས་ཀྱི་དེབ་དང་སྙན་ངག་གི་དེབ་དག་མཆོད་མེ་རུ་བསྒྲོན་ནས་ང་ལ་གདེག་རོགས།

སྙན་ངག་ནི་དྭངས་གཙང་གི་གཙང་པོ་བཞིན་ལྷད་མེད་ལ།

སྙན་ངག་ནི་མཁའ་དབྱིངས་ན་རྒྱུ་བའི་ཆུ་འཛིན་བཞིན་དཀར་གཙང་ཞིག

སྙན་ངག་ནི་ནམ་མཁའ་སྤྲིན་བྲལ་གྱི་དཀྱིལ་འཁོར་དང་འདྲ་ལ།

སྣ་ཚོགས་ཀྱི་བྱིན་བརླབས་དང་གཉིས་སུ་མ་མཆིས།

ངའི་སེམས་པ་འདི་སྡུག་ནས་བུ་ཡུག་གི་ཀློང་ན་ཆས་དུས།

ལྷིང་འཇགས་ཀྱི་ཁོར་ཡུག་སྤྲུལ་མཁན་ནི་སྙན་ངག་ཡིན།

ང་ལ་ད་ལྟའི་རོགས་པ་ནི་སྙན་ངག་ཡོད།

སྙན་ངག་ཡོད་པས་ད་གཟོད་ང་འདི་ལྟར་འཚོ་བཞིན་ཡོད།

འོན་ཀྱང་། ང་རང་གློ་བུར་ཤི་སོང་ན།

ང་དང་ཉེ་ཤོས་ཀྱི་མི་དག་གིས།

ང་རང་ལམ་སྟོན་གྱི་ཆེད་དུ་སྙན་ངག་རེ་བྲིས་ནས་ངའི་མིང་ནས་འབོད་རྒྱུ་མ་བརྗེད། 


                        ༣

ང་རང་གློ་བུར་དུ་ཤི་སོང་ན།

ང་རང་གློ་བུར་དུ་འབྱུང་བ་བཞི་གཅིག་ལ་གཅིག་འཐིམ་ནས།

འཇིག་རྟེན་གྱི་དཀར་ངོགས་འདིར་ག་ལེར་གྱེས་ཕྱག་ཕུལ་ན།

རླུང་བུ་ཞིག་ལ་གཤོག་པ་སྤྲད་པ་བཞིན་གང་སར་མྱུལ་དུས།

བར་དོས་ང་རང་བསློག་སྲིད་དམ།

ཡང་ན་ང་རང་གིས་བར་དོ་བསློག་སྲིད།

ཡང་མིན་ན་གཞན་ཞིག་གིས་ང་རང་བསློག་སྲིད།

མང་པོར་མང་པོ་ཞིག་གིས་བཤད་རྒྱུན་ལ།

ལས་ཀྱི་བུ་ཆུང་དཀར་ནག་ཟེར་བ་ཞིག་ཡོད་སྐད། 

དེ་གཉིས་ནག་པོའི་ཆ་དེ་སྙིང་རྗེ་མེད་ན་ཐང་མོད།

འོང་ཀྱང་དཀར་པོའི་ཆ་དེས་ང་ལ་སྙིང་རྗེ་ཡི་ཚུལ་དུ། 

བདེ་ལམ་དུ་གཏོང་སྲིད་དམ།

དེ་ཡང་ཡིན་གྱི་མ་རེད།

ང་ལ་རྒྱ་མ་ཞིག་ཡོད་སྲིད། 

རྒྱ་མ་དེ་ལྐོག་གྱུར་ཞིག་རེད། ཤིན་ཏུ་ལྐོག་གྱུར་ཞིག་གོ།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心