当前位置: 首页 > 通知公告 > 党员学习材料

党员学习材料

2019年05月11日 12:42:24 访问量:96

 

མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་བརྟན་པོ་འཛུགས་དགོས།

—— མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།

 

 

 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

 

རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བས་རིག་གནས་དར་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་གཏིང་ཟབ་བསྟན་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ངལ་རྩོལ་གྱིས་རིག་གནས་གསར་གཏོད་བྱས་པ་དང་། མི་དམངས་མང་ཚོགས་ནི་རིག་གནས་གསར་གཏོད་ཀྱི་བྱེད་པོ་ཡིན་ལུགས་ཐེངས་དང་པོར་བཏོན་ཡོད། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བས་རིག་གནས་ཀྱི་ཁྱད་ཆོས་གཏིང་ཟབ་མངོན་ནས་རིག་གནས་ལ་མི་རིགས་རང་བཞིན་དང་། གྲལ་རིམ་རང་བཞིན། རྒྱུན་འཛིན་རང་བཞིན། སྒོ་དབྱེའི་རང་བཞིན་བཅས་ལྡན་ལུགས་བསྟན་ཡོད། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བས་རིག་གནས་དང་དཔལ་འབྱོར་དང་ཆབ་སྲིད་དབར་གྱི་འབྲེལ་བ་གཏིང་ཟབ་བསྟན་ནས་སྤྱི་ཚོགས་ངེས་ཅན་ཞིག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱིས་རིག་གནས་གཏན་འཁེལ་བྱེད་པའི་ནུས་པ་ལྡན་པ་དང་། རིག་གནས་ངེས་ཅན་ཞིག་གིས་སྤྱི་ཚོགས་ངེས་ཅན་ཞིག་གི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའམ་ཡང་ན་འགོག་རྐྱེན་གྱི་ནུས་པ་ལྡན་ལུགས་བསྟན་ཡོད། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བས་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཤེས་རྟོགས་དང་རིག་གནས་འཛུགས་སྐྱོང་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། རིག་གནས་ཀྱི་རང་རྟོགས་མཐོ་པོ་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལག་ལེན་ནང་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་རྒྱུན་འཛིན་དང་། ཕུན་སུམ་ཇེ་ཚོགས། འཕེལ་རྒྱས་བཅས་བཏང་སྟེ། རིག་གནས་འཛུགས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་ནས་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས། (པར་ངོས་གསུམ་པར་གཟིགས)

 

(པར་ངོས་དང་པོར་མཐུད) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཤུགས་ཆེན། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མགྱོགས་མྱུར་སྐྲུན་པ། དུས་རབས་གསར་པའི་རིག་རྩལ་གསར་གཏོད། རྒྱལ་ཁབ་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ། རང་རྒྱལ་གྱི་རིག་གནས་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད།

 

མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་འཛུགས་དགོས་ན། གཅིག་ནས་རིག་གནས་འཛུགས་སྐྱོང་གི་ཁ་ཕྱོགས་གསལ་པོ་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་ཤུགས་ཆེན་བསྟར་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། གཉིས་ནས་བསམ་པའི་ཁྱིམ་གཞིས་བརྟན་པོ་སྐྲུན་དགོས། ཀྲུང་ཧྭའི་རིག་གནས་མཐའ་འཁྱོངས་བྱེད་པ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་དང་། བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ནས་བཞད་པའི་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཅིག་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་ཧྭའི་རིག་གནས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། གསུམ་ནས་རིག་གནས་འཛུགས་སྐྱོང་གི་དམིགས་ཡུལ་གསལ་པོ་ཡོང་བར་བྱེད་དགོས། རིག་གནས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་རིག་གནས་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ནས་མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དུས་གཅིག་ཏུ་མཐོ་རུ་གཏོང་དགོས། བཞི་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་པོ་ཡོང་བར་བྱེད་དགོས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་མཐའ་འཁྱོངས་དང་། དུས་རབས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྙིགས་དོར་བཅུད་ལེན་དང་རྙིང་འབུད་གསར་འདོན། སྲུང་སྐྱོང་བྱེད་རིང་རྒྱུན་འཛིན་དང་གསར་གཏོད་བྱེད་རིང་འཕེལ་རྒྱས་གཏོང་བ། བོད་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་ཡུན་གནས་ཀྱི་ཡིད་དབང་འགུག་ཤུགས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་དགོས། ལྔ་ནས་རིག་གནས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། བསམ་པའི་སྟོབས་ཤུགས་དང་དངོས་པོའི་སྟོབས་ཤུགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་དང་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ། དར་ཆ་གསལ་སྟོན་གྱིས་ནོར་འཁྲུལ་གྱི་བསམ་བློའི་ངོས་འཛིན་སྣ་ཚོགས་ལ་ངོ་རྒོལ་བཅས་བྱས་ཏེ། ཡིན་མིན་ཆེན་པོ་དབྱེ་འབྱེད་དང་དགྲ་ཡའི་ཕྱོགས་གཏོགས་ཀྱི་བསམ་བློའི་སིམ་འཛུལ་འགོག་པའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་དགོས།

 

མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་ནི་ལག་ལེན་གྱི་ཞིབ་བཤེར་བརྒྱུད། རླབས་ཆེན་གྱི་རྒྱལ་ཁ་ཐོབ་པ་དང་། འགྲན་ཟླ་བྲལ་བའི་ཡང་དག་གི་རང་བཞིན་ལྡན་པ་བཅས་ཀྱི་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་ཤིག་དང་རིག་གནས་ཀྱི་བྱ་དངོས་ལ་ངོས་འཛིན་དང་སྒྱུར་བཀོད། མི་དམངས་རང་ངོས་ཀྱི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོང་། ཏཱ་ལའི་རུ་ཚོགས་ཀྱི་འཁྱོག་བཤད་གཏམ་འཆལ་ལ་དགག་པ་རྒྱག་པ་བཅས་ལ་མཛུབ་ཁྲིད་བྱེད་པའི་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་ཞིག་རེད། སྤྱི་ཚོགས་རིང་ལུགས་བོད་གསར་གྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་དང་འོད་སྟོང་འབར་བའི་འཕོ་འགྱུར་ལས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བའི་བདེན་པའི་འོད་ཟེར་འཕྲོ་བཞིན་ཡོད། ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་ལྷག་ཙམ་སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱི་རིག་གནས་བྱ་གཞག་ལོ་རྒྱུས་ཀྱི་སྲོལ་རྙིང་དང་། ཆོས་ལུགས་ཀྱི་འཆིང་རྒྱ། སྲིད་དབང་སྒེར་གཅོད་ཀྱི་གཉའ་གནོན་བཅས་གཏོར་ཏེ་ཉམས་རྒུད་ཀྱི་གནས་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དུས་རབས་ཀྱི་གསོན་ཤུགས་མངོན་ཡོད། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་ལས་ཐར་བ་དང་། གུ་དོག་པའི་རིག་གནས་ཀྱི་འཁོར་རྒྱ་ལས་བསྒྲལ་བ། རྒྱུན་ཆད་མེད་པར་རྒྱུན་འཛིན་དང་འཕེལ་རྒྱས་བཅས་ཕྱིན་ཏེ་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་རིག་གནས་ཀྱི་ཤུལ་བཞག་དང་བསམ་པའི་རྒྱུ་ནོར་ལ་གྱུར་པ་དང་འབྲེལ། འཛམ་གླིང་གི་གར་སྟེགས་ཐོག་ཀྲུང་ཧྭ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། བོད་ཀྱི་རིག་གནས་སྒྱུ་རྩལ་པས་སྤྱི་ཚོགས་གསར་རྙིང་བརྒྱུད་དེ“སྤྲང་པོ”དང“བྲན་གཡོག”ནས“རྒྱལ་ཁབ་ཀྱི་ནོར་བུར”གྱུར་ཏེ་མི་ཚེའི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བྱུང་བའི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ནི་མི་དམངས་དངོས་འབྲེལ་རིག་གནས་ཀྱི་བདག་པོར་གྱུར་པ་དང་རིག་གནས་ཀྱི་གསར་གཏོད་པ་དང་། དབང་མཁན། ལོངས་སྤྱོད་བྱེད་མཁན་བཅས་སུ་གྱུར་པ་དང་འབྲེལ། སྤྱི་ཚོགས་རིང་ལུགས་བོད་གསར་གྱི་རིག་གནས་དམངས་ཀྱི་རིག་གནས་དང་། སྒོ་དབྱེའི་རིག་གནས། གསར་གཏོད་ཀྱི་རིག་གནས། ཡར་ཐོན་གྱི་རིག་གནས་བཅས་ལ་དངོས་འབྲེལ་གྱུར་ཡོད།

 

དེང་གི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་བོད་ཀྱི་དེ་སྔའི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་གིས་ཀྱང་བསྡུར་ཐབས་བྲལ་བ་ཞིག་དང་དོན་དངོས་ལ་བརྩི་འཇོག་བྱེད་མཁན་མི་སྣ་ཚང་མས་ཁས་མི་ལེན་པ་བྱེད་མི་སྲིད་ཅེས་སྒྲོ་འདོགས་སྤུ་ཙམ་མེད་པའི་སྒོ་ནས་བཤད་ཆོག འོན་ཀྱང་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་རིག་གནས་ཀྱི་རྒྱལ་ཁར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་ཚབ་བྱེད་ཀྱིས་ཁས་ལེན་བྱེད་པའི་རེ་བ་བྱ་མི་རུང་། ཏཱ་ལ་རུ་ཚོགས་ཀྱིས“བོད་ཀྱི་སྲོལ་རྒྱུན་རིག་གནས་རྩ་མེད་དུ་བཏང་བ”ཟེར་བའི་འུད་སྒྲོག་གི་དམིགས་ཡུལ་ནི་མི་རིགས་དབར་འགལ་ཟླ་བཟོ་བ་དང་། མེས་རྒྱལ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་འཆང་བ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་པ་བཅས་ཀྱི་མ་རུང་ཁོག་བཅུག་གི་རེ་ངན་དེ་རེད། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་འཆིང་སྡོམ་བྱེད་མཁན་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་རིག་གནས་ཐལ་བའི་རྡུལ་དུ་བརླགས་པ་དང་། “མངའ་བདག་ཆེན་པོ་གསུམ”གྱི་རིག་གནས་སྒེར་འཛིན་གྱི་དབང་ཆ་མགོ་རྟིང་བསློགས་པ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་ཁེ་ཕན་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་རིག་གནས་ཀྱི་གད་སྙིགས་གཙང་འཕྱག རིག་གནས་སྒོ་སྡོམ་གྱི་སྒོ་ཆེན་གཏོར་བ་བཅས་བྱས་པར་བརྟེན་བོད་མི་དམངས་ལ་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྟངས་འཛིན་དང་མཉམ་སྤྱོད་ཀྱི་དབང་ཆ་ཐོབ་པ་དང་། དུས་རབས་གསར་པར་བོད་ཀྱི་རིག་གནས་ལ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཏེ་བོད་ཀྱི་རིག་གནས་ཀྱི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོའི་རྣམ་པ་གསར་པ་མངོན་ཡོད། ཏང་གི་འགོ་ཁྲིད་འོག བོད་ཀྱི་མི་དམངས་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་སོགས་བླ་ན་མེད་པའི་སྙིང་སྟོབས་རབ་དང་རིམ་པ་གསར་གཏོད་བྱས་པ་འདི་དག་བོད་ཀྱི་རིག་གནས་འཛུགས་སྐྱོང་གི་མངོན་གསལ་དོད་པའི་མཚོན་རྟགས་དང་མི་རིགས་ཁག་གི་མི་དམངས་ཚོས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཁོ་ཚོའི་གྲལ་རིམ་གྱི་རང་གཤིས་ཁོ་ནར་བསམས་ནས་མི་དམངས་ཀྱི་ལོ་རྒྱུས་ཀྱི་བྱེད་ནུས་ཁས་ལེན་མི་བྱེད་པ་དང་དབང་སྒྱུར་གྲལ་རིམ་གྱི་རིག་གནས་ཀྱི་རིན་ཐང་ལ་ཞེན་ཆགས་བྱེད་པ། རིག་གནས་ཀྱི་རྙིང་འདོར་གསར་འཛུགས་ཟུར་འབུད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་གཞི་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཅིག་གྱུར་རང་བཞིན་རྩིས་མེད་དུ་གཏོང་བ། “བོད་ཀྱི་རིག་གནས་རྨེག་མེད་དུ་བཏང་བ”ཟེར་བའི་དཀྲོག་གཏམ་བཟོ་བ་བཅས་བྱེད་པ་མ་ཟད། ད་དུང་རྟག་ཏུ་བོད་མི་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟེར་བ་ཁ་ལ་འཁྱེར་བའི་ཁོ་ཚོའི་དམིགས་ཡུལ་ནི་མི་རིགས་དང་རིག་གནས་དབར་འགལ་ཟླ་བཟོས་ནས་བོད་མི་རིགས་ཀྱི་རིག་གནས་བོད་རྙིང་པའི་རྣམ་པ་ཁོ་ནར་གནས་པ་དང་ཡར་ལངས་བཅིངས་འགྲོལ་ཐོབ་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་སླར་ཡང་རིག་གནས་རྙིང་པའི་བྲན་གཡོག་ཏུ་བཀོལ་བའི་རེ་ངན་བཅངས་ཏེ་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཁོ་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་ལ་ཞབས་འདེགས་ཞུ་བ་དེ་རེད།

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་གདེང་ཚོད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་ཆེས་རྨང་གཞི་དང་། ཆེས་རྒྱ་ཁྱབ། ཆེས་གཏིང་ཟབ་བཅས་ཀྱི་གདེང་ཚོད་ཅིག་རེད་ལ་ཆེས་གཞི་རྩ་དང་། ཆེས་ཟབ་པ། ཆེས་ཡུན་རིང་བཅས་ཀྱི་སྟོབས་ཤུགས་ཤིག་ཀྱང་རེད་ཅེས་བསྟན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། གསར་གཏོད་རང་བཞིན་གྱི་སྒོ་ནས་རིག་གནས་ཀྱི་གདེང་ཚོད་ཀྱི་ཆོད་གཏམ་གལ་ཆེན་བཏོན་པ་དང་། དུས་རབས་གསར་པའི་རང་རྒྱལ་གྱི་རིག་གནས་འཛུགས་སྐྱོང་གི་འཐབ་ཇུས་ཀྱི་གནས་བབ་དང་། འཐབ་ཇུས་ཀྱི་དམིགས་ཚད། དེ་བཞིན་འཐབ་ཇུས་ཀྱི་འགྲོ་ལམ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་ཞིབ་ཕྲ་བསྐྱོན་ནས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་བརྟན་པོ་འཛུགས་པ། བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སུན་འབྱིན་པའི་སྒོ་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་གསར་གཏོད་བྱས་པའི་གསར་བརྗེའི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་དང་། རིག་སྟོབས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱེད་དགོས།

 

“ཕག་པ་སྡུག་སྐད་ཆེ་ན་ཡང་ཁྲུང་ཁྲུང་སྔར་བཞིན་ནམ་འཕང་གཅོད”བོད་ཀྱི་རིག་གནས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མེ་ལྟར་ཚ་བའི་ལག་ལེན་དང་རླབས་ཆེན་གྱི་གསར་གཏོད་གཅིག་སྡུད་བྱས་ཡོད་ལ། ཀྲུང་ཧྭའི་རིག་གནས་ཀྱི་ཁྲག་རྒྱུན་དུ་འདྲེས་ཟིན་པ་མ་ཟད། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཀྱི་རྟེན་ས་དང་སེམས་ཁམས་དང་བསམ་པའི་ཁྱིམ་གཞིས་རེད།

 

 

 

1

 

编辑:杜龙飞
上一篇:党员学习材料
下一篇:初三年级组简报
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心