བརྗེད་པར་དཀའ་བའི་དགེ་བའི་བཤེས་གཉེན།
དུས་ཀྱི་འཁོར་ལོ་བར་མེད་མདུན་དུ་འཁོར་བ་དང་ཆབས་ཅིག རང་ལའང་སློབ་གཉེར་གྱི་གོ་རིམ་ཁྲོད་དུ་དགེ་བའི་བཤེས་གཉེན་མང་པོ་ཞིག་འཕྲད་མྱོང་ནའང་། བདག་ཡིད་ཀྱི་མཚོ་མོ་ལས་ནམ་ཡང་བསུབ་ཏུ་མེད་པ་ནི་ཤེས་རིག་གི་མུན་པ་སེལ་བར་བྱེད་ཅིང་། དྲིན་ཆེན་ཕ་མ་ལྟར་བྱམས་སྐྱོང་གནང་མཁན་གྱི་རྒན་ལགས་ཁོང་ཡིན།
རྒན་ལགས་ཁོང་ནི་སྐུ་གཟུགས་ཆུང་ཞིང་རིད་པ་དང་། སྤྱན་ཟུང་ལས་ང་ཚོར་བྱམས་བརྩེ་དང་ལྡན་པའི་སྤྲོ་སྣང་ཞིག་སྟེར་བ་དང་། ནམ་རྒྱུན་དུ་ན་བཟའ་སྔོན་པོ་དང་ནག་པོ་མཆོད་རྒྱུར་ཧ་ཅང་མཉེས། ཁོང་གི་ཞལ་ནི་ང་ཚོར་མཚོན་ན་ཤེས་བྱའི་སྒོ་མོ་དང་། ཤེས་རིག་གི་འབྱུང་ཁུངས་ཡིན། རྒན་ལགས་ཁོང་དུས་རྒྱུན་བཞད་མོ་བཞད་རྒྱུར་མཉེས་པོ་མེད། འོན་ཀྱང་། ཉིན་ཞིག་ཆེས་མཛེས་སྡུག་ལྡན་ལ་ཡིད་དབང་འཕྲོག་པ་ཞིག་ལ། ང་ཚོ་རང་སྦྱོང་སློབ་ཚན་སྐབས་སུ་སློབ་ཁང་དུ་དཔེ་དེབ་ལྟ་བཞིན་པའི་སྐབས་སུ། རྒན་ལགས་ཁོང་ཕེབས་བྱུང་། དེའི་སྐབས་གློ་བུར་དུ་སློབ་མ་རྣམས་རང་དབང་མེད་པར་མེད་པར་བགད་མོ་ཤོར། དེའི་རྒྱུ་མཚན་གང་ཡིན་ངས་ཀྱང་མི་ཤེས་པས། ལམ་སེང་ང་རང་གི་མདུན་ཕྱོགས་སུ་ཡོད་པའི་སློབ་གྲོགས་ལ་དྲིས་པས། ཁོ་མོས་ང་ལ"རྒན་ལགས་ཀྱི་གོས་ཐུང་ནག་པོ་དེ་ད་ལྟ་དཀར་པོར་འགྱུར་ལ་ཉེ"ཟེར། ང་རང་གིས་བལྟས་པ་ན་དངོས་གནས་དེ་རང་རེད་འདུག་པས། རྒན་ལགས་ཀྱིས་གང་གི་ཐོག་ཏུ་བསྡད་པ་ཡིན་ནམ་སྙམ། སྐབས་དེར། རྒན་ལགས་ལ་སློབ་མ་ཚོས་དེ་འདྲ་གསུང་དུས་ཁོ་རང་སྐུ་རླུང་བཞེང་རྒྱུ་ག་ལ་ཡོད། དེ་བས་དུས་རྒྱུན་བཞད་མོ་བཞད་རྒྱུར་མི་དགའ་བའི་རྒན་ལགས་ཁོང་དེ་རིང་དོན་དག་ཆུང་ཆུང་འདི་འདྲ་ཞིག་ལ་ཞལ་ལས་འཛུམ་མདངས་མངོན་བྱུང་། རྒན་ལགས། ཁྱེད་ནི་དྭངས་གཙང་གི་ཆུ་མོ་དང་ང་ཚོ་ནི་གར་རྩེན་གྱི་ཉ་ཆུང་ཡིན་པས། ང་ཚོ་དགེ་སློབ་དབར་གྱི་བརྩེ་བ་ནི་རི་བོ་ཇོ་མོ་གླང་མ་ལས་ཀྱང་མཐོ་ལ། རྒྱ་མཚོ་ཆེན་པོ་ལས་ཀྱང་ཟབ།
རྒན་ལགས་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་མི་ཡ་རབས་ཚུལ་ལྡན་ཞིག་བྱ་དགོས་པའི་ཁ་ཏ་བསླབ་བྱ་གནང་གི་ཡོད། དེ་ཡང་ཁོང་གིས"དང་ཐོག་མ་སློབ་མ་ཞིག་ལ་ཡོད་དགོས་པ་ནི་ཀུན་སྤྱོད་གཙང་མ་ཞིག་ཡིན་པས། ཁྱེད་ཚོས་གཅིག་ནས་རྐུ་དང་རྫུན་ལ་བཞུགས་མི་རུང་བ་དང་། གཉིས་ནས་བཀའ་དྲིན་ལ་བསམ་ཤེས་ཡོད་པ། གསུམ་ནས་ངོ་ཚ་ཞེ་ཁྲེལ་ཤེས་པའི་སློབ་མ་སྣོད་ལྡན་ཞིག་བྱ་དགོས"ཞེས་གསུངས་ཀྱི་ཡོད་ལ"དུས་ཚོད་ལ་དམ་འཛིན་གྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས། ཕ་མ་སྤུན་མཆེད་དང་མེས་རྒྱལ་ལ་ཕན་པའི་མི་ཞིག་བྱ་དགོས"ཟེར། དགེ་བའི་བཤེས་གཉེན་ལགས་ཁྱེད་ཀྱི་སེམས་པ་ནི་གངས་རི་བཞིན་ལྷད་མེད་ལ། ཁྱེད་ཀྱིས་ང་ཚོ་གཞོན་ནུ་ཚོའི་རེ་སྨོན་གྱི་ཕུགས་བསམ་ལ་ལམ་སྟོན་མཛད།
དགེ་བའི་བཤེས་གཉེན་ལགས། ཁྱེད་ནི་སློབ་མའི་མུན་པ་སེལ་མཁན་གྱི་སྒྲོན་མེ་ཡིན་ལ། ཤེས་རིག་གི་འོད་སྣང་སྦྱིན་མཁན་ཡང་ཡིན། ཁྱེད་ཀྱི་མཚན་རྣ་ལམ་དུ་ཐོས་པ་ཙམ་གྱིས་རང་ཉིད་ཀྱི་སེམས་ལ་བཅོས་མིན་གྱི་བརྩེ་དུང་དང་། ཡིད་ཆེས་ཀྱི་དད་པ་ཞིག་དབང་མེད་དུ་བྱུང་། ང་རང་ས་ཕྱོགས་གང་དུ་སོང་ཡང་དུས་ནམ་ཡང་ཁྱེད་རང་བརྗེད་མི་སྲིད་དོ།