མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་བརྟན་པོ་འཛུགས་དགོས།
——མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ཚེ་གཞི་ནས་ཚང་མ་ཡག་པོ་ཡོང་ཐུབ” ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་ནི་རྒྱལ་ཁབ་དང་མི་རིགས་ཤིག་འཚོ་གནས་དང་གོང་འཕེལ་ཡོང་བའི་བསམ་པའི་ཀ་རྟེན་ལྟ་བུ་དང་ཆབ་སྲིད་ཀྱི་རྩ་དོན་གལ་ཆེ་ཤོས་དང་ཆེས་གཞི་རྩའི་ཀུན་སྤྱོད་ཚད་ལྡན་དང་ཆེས་བབ་ཆགས་པའི་མི་ཚེའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཤིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལ་བརྟེན་ནས་གྲུབ་པའི་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་ལ་འཛིན་པའི་གཞི་རྩའི་ལྟ་ཚུལ་དང་རྩ་བའི་ལྟ་བ་ཞིག་ཡིན་པས་དེའི་སྲོག་ཤིང་ནི་རྒྱལ་གཅེས་རིང་ལུགས་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭའི་ས་གཞི་ཆེ་མོར་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་རྒྱུན་འཛིན་དང་། ལག་ལེན། ཕུན་སུམ་ཇེ་ཚོགས། འཕེལ་རྒྱས་བཅས་བཏང་ཞིང་། རང་རེའི་རླབས་ཆེན་མེས་རྒྱལ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཁྲོད་མི་རིགས་ཁག་གིས་མཉམ་དུ་བཏོད་པ་ཞིག་ཡིན་སྟབས་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོའི་མངའ་ཁོངས་དང་བདག་དབང་ནི་མི་རིགས་ཁག་གི་ཆེས་གཞི་རྩ་དང་ཆེས་གལ་འགངས་ཆེ་ཤོས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་ཡིན་པས་བླ་ན་མེད་ལ་ཁ་འབྲལ་དུ་མི་རུང་བ་ཞིག་ཡིན། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས་ཕན་ཚུན་དབར་ཁ་འབྲལ་ཐབས་མེད། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནི་རྦད་དེ་གཅིག་གྱུར་ཡིན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཡིན་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་ལས་སྤྱི་དམངས་ཚང་མས་མི་རིགས་དང་རྒྱལ་ཁབ་དབར་དང་མི་སྒེར་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ངོས་འཛིན་ཡང་དག་བྱ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།
མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་འཛུགས་པར་ངེས་པར་དུ་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པར། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་གཞི་རྩའི་གནས་ཚུལ་ངོས་འཛིན་གཏིང་ཟབ་བྱས་ཐོག་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་འུད་སྒྲོག་བྱེད་པའི“བོད་རང་བཙན”གྱི་ཁུངས་མེད་གཏམ་འཆལ་གྱི་མཚང་དམར་རྗེན་དུ་བརྟོལ་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པར། ངེས་པར་དུ་རྒྱལ་ཁབ་དང་ཏང་ལ་དགའ་ཞེན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པ་གཉིས་གཅིག་གྱུར་བྱས་ནས། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་དགོས། ཏང་ལ་དགའ་ཞེན་བྱེད་པ་ནི་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་ཞིག་ཡིན། གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ་གཞི་ནས་བོད་ལ་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས།
(པར་ངོས་བཞི་པར་གཟིགས)
(པར་ངོས་དང་པོར་མཐུད) རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པར་ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་མཐའ་དག་ལས་ལྷག་པ་དང་། མི་རིགས་ཀྱི་ཁེ་ཕན་མཐའ་དག་ལས་ལྷག་པ། མི་དམངས་ཀྱི་ཁེ་ཕན་མཐའ་དག་ལས་ལྷག་པ་བཅས་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལོག་སྤྱོད་ཀྱི་ངོ་བོ་གསལ་པོར་ཤེས་པ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན་པ་གཏིང་ཟབ་རྟོགས་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པར་ངེས་པར་དུ་དེང་རབས་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་ཀྱི་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ་བློ་གཅིག་སེམས་གཅིག་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་བྱེད་དགོས།
མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་འཛུགས་པར་ངེས་པར་དུ་ལོ་རྒྱུས་ཐོག་གི་གཞི་རྩའི་ཡིན་མིན་གྱི་གནད་དོན་གསལ་པོར་ཤེས་དགོས། བོད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་བོད་མི་རིགས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཆབ་མདོའི་ཁ་རུབ་དང་ལྷ་སའི་ཆོས་གོང་སོགས་རིག་གནས་རྗེས་ཤུལ་ནས་གཙུག་ལག་ཁང་མདུན་གྱི“ཐང་བོད་མཐུན་འབྲེལ་རྡོ་རིང”བར་དང་། ཡོན་རྒྱལ་རབས་ཀྱིས་བོད་ས་གནས་ལ་དོ་དམ་ནུས་ལྡན་བྱས་པ་ནས་ཆིང་རྒྱལ་རབས་ཀྱིས་ཏཱ་ལའི་བླ་མར་འཇའ་ས་གནང་བ་དང་། བོད་སྡོད་ཨམ་བན་བཀོད་སྒྲིག་བྱས་པ། གསེར་བུམ་དཀྲུགས་འདོན་ལམ་ལུགས་ལག་བསྟར་སོགས་ལོ་རྒྱུས་ཀྱིས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་ལོ་རྒྱུས་ཀྱི་འཕེལ་རིམ་དུས་མཚམས་གང་ཞིག་ཏུ་གནས་རུང་ཚང་མ་ཀྲུང་གོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཁ་འབྲལ་ཐབས་མེད་པའི་གྲུབ་ཆའི་ཆ་ཤས་ཤིག་ཡིན་པ་རྩོད་ཐབས་བྲལ་བའི་ངང་ར་སྤྲོད་བྱས་ཡོད། བོད་མི་དམངས་ལ་གཟི་བརྗིད་ལྡན་པའི་རྒྱལ་གཅེས་ཀྱི་སྲོལ་རྒྱུན་ལྡན་ཡོད་པས་གནམ་ས་འགུལ་བའི་དབྱིན་འགོག་དམག་འཁྲུག་ཐེངས་གཉིས་བྱུང་བ་ནས་བཟུང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ་རི་འགོག་རྒྱལ་སྐྱོབ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་རྦད་དེ་མཐར་སྐྲོད་བཏང་བའི་བར་སྲོག་འབེན་འཛུགས་ཀྱིས་བཙན་འཛུལ་པར་འགོག་རྒོལ་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དམག་འཐབ་དྲག་པོའི་ཁྲོད་ཉམས་པ་མེད་པའི་བྱས་རྗེས་ཀྱི་རྡོ་རིང་བཙུགས་ཡོད། ལོ་རྒྱུས་ཀྱི་དོན་དངོས་ནི་སུབ་ཐབས་མེད་པ་ཞིག་དང་། ལོ་རྒྱུས་ཀྱི་མཇུག་སྡོམ་ནི་ཁས་མ་བླངས་རང་བླངས་ཤིག ལོ་རྒྱུས་ཀྱི་ལེགས་སྐྱེས་ནི་རྩིས་མེད་དུ་གཏོང་མི་རུང་བ་ཞིག ལོ་རྒྱུས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ནི་ཁས་མ་བླངས་རང་བླངས་ཤིག་བཅས་ཡིན་པས་མི་སུ་འདྲ་ཞིག་ཡིན་རུང་ལོ་རྒྱུས་ལ་བཟོ་བཅོས་རྒྱག་བསམས་ཀྱང་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཁས་རྩ་བ་ནས་ལེན་མི་སྲིད།
མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་འཛུགས་པར་ངེས་པར་དུ་གཞི་རྩའི་ཆབ་སྲིད་ཀྱི་ཡིན་མིན་གྱི་གནད་དོན་གསལ་པོར་ཤེས་དགོས། “བོད་རང་བཙན”ཟེར་བ་ནི་ཉེ་རབས་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོའི་བོད་ལ་བཙན་འཛུལ་བྱས་པའི་ཐོན་དངོས་ཤིག་རེད། དུས་རབས་ཉི་ཤུ་པའི་དུས་འགོའི་བོད་ཡིག་ཐ་སྙད་ནང་ད་དུང“རང་བཙན”ཟེར་བའི་མིང་ཚིག་དེ་ཐོན་མེད། བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་ཁ་ཕྲལ་གཏོང་བའི་རླབས་རྒྱུན་དྲག་པོ་འཕྱུར་བའི་སྐབས་སུ་བོད་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་གཅིག་ལ་གཅིག་འགྲན་གྱི་སྡིར་སའི་མདོ་གནད་ཅིག་ཏུ་གྱུར་ཡོད། རྒྱབ་ལྗོངས་འདི་འདྲའི་འོག“བོད་རང་བཙན”ཟེར་བ་ནི་ཕྱི་ནང་ལོག་སྤྱོད་ཕྱོགས་གཏོགས་ཀྱིས་བཟོས་པ་ཞིག་རེད།
འོན་ཀྱང་ལྐོག་གཡོའི་ངན་ཇུས་དེ་དག་ལ་བོད་ཀྱི་མི་དམངས་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པས་ངན་ཇུས་ལམ་ལྷོངས་བྱུང་མྱོང་མེད། འཛམ་གླིང་ཐོག་རྒྱལ་ཁབ་གང་རུང་ཞིག་གི་སྲིད་གཞུང་གིས་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ཁས་གཏན་ནས་ལེན་མྱོང་མེད། ལོ་རྒྱུས་ཀྱི་དོན་དངོས་ལས་ར་འཕྲོད་བྱུང་གསལ། “བོད་རང་བཙན”ཟེར་བ་ནི་སྔར་ནས་བཟུང་བཙན་རྒྱལ་རིང་ལུགས་བཙན་འཛུལ་ཕྱོགས་གཏོགས་ཀྱིས་བོད་ཀྱི་ལོག་སྤྱོད་ཤོག་ཁག་ལ་ངན་སྐུལ་བྱས་ནས་འཁྲབ་པའི་སྐྱུག་བྲོ་བའི་ཟློས་གར་ཞིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གྲལ་རིམ་གྱི་རང་གཤིས་རོ་ལངས་རྒྱག་རྒྱུར་དམིགས་ནས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་ལོ་བརྒྱ་ལྷག་ཙམ་རིང་བཙན་རྒྱལ་རིང་ལུགས་ཀྱིས་ལྐོག་ལྐོག་སུད་སུད་ངང་བཤམས་པའི་ཇུས་ངན་དེ་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མང་དག་སྤེལ་ཡོད་ལ། མེས་རྒྱལ་ཁ་ཕྲལ་གཏོང་བའི་སྐྱུག་བྲོ་བའི་ཟློས་གར་མང་པོ་འཁྲབ་ཡོད། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ལོ་བརྒྱ་ལྷག་ཙམ་རིང་ཀྲུང་གོ་མི་དམངས་ཀྱིས་ཕྱི་རྒྱལ་བཙན་འཛུལ་ཕྱོགས་གཏོགས་ཀྱིས་ཀྲུང་གོ་ཁ་ཕྲལ་གཏོང་བའི་ངན་ཇུས་ལ་མུ་མཐུད་འཐབ་རྩོད་བྱེད་པ་ཞིག་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་སྤེལ་བ་ཞིག་ཡིན་པ་ལས། མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་མིན་པར་དེ་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཞིག་དང་། སྲིད་དབང་སྲུང་སྐྱོབ་དང་། དར་ཆ་སྲུང་སྐྱོབ། འགྲོ་ལམ་སྲུང་སྐྱོབ་བཅས་བྱེད་པའི་ཆབ་སྲིད་ཀྱི་འཐབ་རྩོད་དྲག་པོ་ཞིག་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།
མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་བརྟན་པོ་འཛུགས་པར་ངེས་པར་དུ་རླབས་ཆེན་གྱི་བདེན་དོན་གཅིག་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད། སྒྱུར་བཅོས་སྒོ་དབྱེ་བཅས་བརྒྱུད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ཞུམ་མེད་མདུན་སྐྱོད་ཀྱིས་དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཐུབ་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཡོད་ལ། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་མཛད་རྗེས་རྡོ་རིང་ཡང་བཙུགས་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གསར་པ་བྱུང་ནས། ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་གསར་པར་བརྟེན་ནས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ལྗོངས་གསར་པའི་ལོ་རྒྱུས་ཀྱིས་རླབས་ཆེན་གྱི་བདེན་དོན་ཞིག་གསལ་སྟོན་བྱས་པ་སྟེ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ། བོད་ལ་གཞི་ནས་དར་རྒྱས་གོང་འཕེལ་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་དེ་རེད། བོད་ཀྱི་འགྱུར་ལྡོག་ཆེན་པོ་ནི་རང་བཞིན་ངང་བྱུང་བའི་འབྲས་བུ་ཞིག་ག་ལ་ཡིན། གལ་སྲིད་ཏང་གིས་བོད་མི་དམངས་ཀྱི་སྣེ་ཁྲིད་ནས་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཅས་བཏང་མེད་ན། ད་ཆའི་བོད་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གླེང་ཐབས་བྲལ། གལ་སྲིད་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་མེད་ན། བོད་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་ཐབས་བྲལ། འོན་ཀྱང་དེ་དག་ཚང་མ་ཏཱ་ལའི་རུ་ཚོགས་ཀྱིས་མཐོང་འདོད་གཏན་ནས་བྱེད་ཀྱི་མེད། ངོ་ལོག་བྲོས་བྱོལ་སོང་བའི་ལོ་བཅུ་ཕྲག་རིང་། ཏཱ་ལའི་རུ་ཚོགས་ཀྱིས་མུན་ནག་རུལ་སུངས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་ཆེད། འཛེམ་བག་མེད་པར་རྒྱལ་ཁབ་གཡོ་འཚོང་བྱེད་པ་དང་། མི་རིགས་གཡོ་འཚོང་བྱེད་པ། སྒྲིག་འགལ་ལུགས་ལྡོག་བྱེད་པ། ཕུང་དཀྲུག་གཏོར་བཤིག་གཏོང་བ་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་འགོག་རྐྱེན་བཟོ་གང་ཐུབ་བྱེད་ཀྱི་ཡོད། ང་ཚོས་བོད་ལ་ཕན་བདེ་སྐྲུན་མཁན་སུ་ཡིན་པ་དང་བོད་ལ་གནོད་འཚེ་གཏོང་མཁན་སུ་ཡིན་པ་གསལ་པོ་རྟོགས་པར་བྱས་ཏེ་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་མེས་རྒྱལ་གྱི་མདུན་ལམ་དང་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།
དུས་རབས་ཀྱི་རླབས་རྒྱུན་དྲག་ཏུ་འཕྱུར། ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་སྐྱོད། བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོའི་མི་དམངས་ལ་བཙན་འཛུལ་དང་གཉའ་གནོན་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་ནམ་ཡང་བསྐྱར་ལོག་བྱེད་མི་སྲིད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་ཀྱིས་བོད་མི་དམངས་ལ་བཤུ་གཞོག་དང་བྲན་བཀོལ་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་ནམ་ཡང་བསྐྱར་ལོག་བྱེད་མི་སྲིད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད། གཟི་བརྗིད་དང་རྒྱལ་ཁ་ནི་དཔའ་བོའི་ཀྲུང་གོ་མི་དམངས་དང་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ལ་དབང་བ་ཞིག་ཡིན།
1