ལྷ་ཡུལ་དགའ་ལྡན་གནས་ནས་མི་ཡུལ་ལ་ཕེབས་པའི། །
ལྷ་མཆོག་རྒྱལ་བ་བྱམས་པའི་བྱམས་བརྩེ་ལ་གཟིགས་ཤིག །
ལྷ་གཅིག་ཕྱག་ན་པདྨའི་ཕྱག་ཕྲེང་བཞིན་དཀར་བའི། །
ལྷ་ལྡན་དག་མའི་མི་ཡི་མི་གཤིས་དེ་སྐྱོངས་ཤོག །
རྣམ་པ་སྤྱན་རས་གཟིགས་ཀྱི་སྐུ་མདོག་ལ་འགྲན་ཞིང་། །
གླིང་བཞིས་སྐོར་བའི་རི་རབ་ལྷུན་པོ་བཞིན་བཞུགས་དང་། །
ཕོ་ལུས་མོ་ལ་རྫུ་བའི་བྱ་བ་ཀུན་བཅགས་ནས། །
གསར་བརྗེ་ཡང་བརྗེ་མ་བྱེད་བཏང་སྙོམས་སུ་འཇོག་རོགས། །
པ་སངས་སྐར་ཚོགས་ཀུན་དང་འཛོམས་དུས་ཤིག་ཡོད་དེ། །
ནམ་ཚོད་དུས་ཀྱིས་དབང་གིས་སྔོན་སྔོན་ལ་ཞུད་ཀྱང་། །
ཕོ་ཁ་དབྱེན་རྒན་མ་ཡི་བརྟུལ་ཞུགས་དེ་བཞག་ནས། །
གསར་བརྗེ་ཡང་བརྗེ་རྒྱབ་མདུན་སྒྱུ་མ་དེ་ཞོགས་རོགས། །
གམ་དུ་བསྡད་ཀྱང་ཐག་རིང་བས་མཐའ་ལ་འབུད་ཅིང་། །
པ་སངས་ཟླ་བར་རློམ་པའི་འཇོན་མདོག་ཀྱང་བཞག་རོགས། །
ཕོ་རྒོད་ཁོང་དུ་མདའ་གཤོང་མདུང་གཤོང་ཞིག་བྱ་ན། །
གསར་རྙིང་གནས་ཚུལ་གང་ལའང་ཞིབ་དཔྱོད་རེ་བགྱི་འོས། །
ཁང་མིག་གྲུ་བཞིའི་ནང་དུ་ཟླ་བ་འགའ་ཉལ་ཡང་། །
དམར་ཆུང་སེམས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མི་གདའ། །
རྒན་པོ་ཁ་ལྐུགས་ཇུས་ངན་གཏིང་རུམ་ལ་སྦ་བའི། །
ཁོག་ན་མེ་འབར་མཐོང་ན་སེམས་ཁོང་ན་མེ་འབར། །