མི་ལོ་བཅུ་གྲངས་ཀྱི་ཡར་སྔོན་ན།
ཨ་མ་ཡང་ཆེས་མཚར་བའི་དམན་ཤར་ཞིག་ཡིན།
དེའི་ཚེ་དེའི་དུས།
ཨ་མའི་བྱད་བཞིན་དཀར་ལ་དམར།
ཨ་མའི་སྐུ་གཟུགས་ལྡེམ་ཞིང་འཁྱུག
ཨ་མའི་དབུ་སྐྲ་གནག་ཅིང་སྣུམ།
ཨ་མའི་ཕྱག་ཟུང་འཇམ་ཞིང་མཉེན།
ལང་ཚོས་ཕྱུག་ཅིང་མཛེས་པས་བརྒྱན་པའི་ཨ་མ།
ཁ་བའི་ཁྲོད་ཀྱི་གངས་ལྷ་མེ་ཏོག་ཡིན།
ལྡུམ་རའི་ནང་གི་ཨུ་དུམ་ཝ་ར་ཡིན།
ཕོ་བརྒྱ་སེམས་པ་ཤོར་སའི་མཛེས་མ་ཡིན།
མོ་བརྒྱ་སྙིང་རླུང་ལང་སའི་ལྷ་མོ་ཡིན།
ཨཱ་ཞེས་པའི་ངུ་སྐད་ཐོག་མ་དང་སྦྲགས།
མི་ཡུལ་དུ་ཚེ་སྲོག་གསར་པ་ཞིག་བསུས།
འཇིག་རྟེན་ན་དམན་ཤར་མཛེས་མ་ཞིག་བརླགས།
སྔས་འགོ་ན་བྱམས་བརྩེའི་ཨ་མ་ཞིག་འཁོར།
ཚེ་སྲོག་དང་བསྡོས་པའི་ཟླ་དགུ་ཞག་བཅུའི་ཁུར་པོ།
ཨ་མ་ཁོ་ནས་ལུས་ཟུངས་ཀྱིས་བསྐྱངས་འོངས།
ཨ་མ་ཁོ་ནས་ཚེ་སྲོག་གིས་བཏེགས་འོངས།
ཨ་མ་ཁོ་ནས་བཟོད་སྲན་གྱིས་དྲུད་འོངས།
ཨ་མ་ཁོ་ནས་ལྷག་བསམ་གྱིས་བསྲུངས་འོངས།
དེའི་ཚེ་དེའི་དུས།
ཨ་མའི་ཡོད་ཚད་བུ་ཕྲུག་ལ་བཅོལ་ཟིན།
ཨ་མའི་ཐམས་ཅད་བུ་ཕྲུག་ལ་ཕུལ་ཟིན།
ལུས་ཀྱི་མདངས། ཁ་ཡི་ཟས། ལག་གི་ནོར།
སྨྲ་མི་ཤེས་པའི་བྱིས་པ་དེས་རེ་རེ་འཕྲོག
དོན་མི་རྟོགས་པའི་བུ་ཕྲུག་ཚོས་རིམ་པར་བཅོམ།
དུས་ཇི་ཙམ་ཞིག་ནས།
མཛེས་ལྡན་གྱི་ལང་ཚོ་དཀའ་སྡུག་གི་འཚོ་བར་སིམས།
ལྡེམ་འཁྱུག་གི་སྐེད་པ་འཚོ་ཐབས་ཀྱི་ཁུར་པོས་མནན།
སོལ་དལ་གྱི་གོམ་འགྲོས་བྲེལ་འཚུབ་ཀྱི་ལང་ལ་ཤོར།
ཡིད་འོང་གི་ཞལ་རས་གཉེར་རིས་ཀྱི་ཞིང་སར་གྱུར།
གནག་སྣུམ་གྱི་སྐྲ་ལོ་དུང་དཀར་གྱི་འགྲན་ཟླར་སོང་།
ཨ་མ། འདི་ལྟར་རྒས་སོང་།
ང་ཚོ། ཅི་ཞིག་ལ་ཐོགས་སོང་།
གང་ལྟར། རྒས་བཞིན་པའི་ཨ་མའི་ངོ་གདོང་།
ང་ཚོས་དུས་ཐོག་ལ་རིག་པ་ཉུང་ཉུང་ཡིན།
ཨ་མས་ཕྲུ་གུའི་དོན་དུ་འཆི་ནུས་ལ།
ཕྲུ་གུས་ཨ་མའི་ཆེད་དུ་ན་མི་ནུས།
རྒས་བཞིན་པའི་ཨ་མ་དྲན་མཁན་མང་སོང་ལ།
དེ་བསམ་ནས་ཡུལ་དུ་འཁོར་མཁན་ཉུང་ཡང་སོང་།
ལུས་གོག་སེམས་གོག་གི་ཨ་མ་ཁྱིམ་དུ་ཡོད།
ཤ་དར་ཁྲག་དར་གྱི་བུ་ཕྲུག་ཕྱི་ལ་ཡོད།
ང་ཚོ། བྲེལ་ཆེ་བའི་ང་ཚོ།
སྐབས་སྐབས་ལ་ཨ་མར་ཅི་ཞིག་ཉོ་འོ་དྲན།
མཚམས་མཚམས་ལ་ཨ་མར་ལན་ཅིག་བལྟ་འོ་སྙམ།
ང་ཚོ། འགོར་སོང་བའི་ང་ཚོ།
དྲན་སེམས་ལ་འཐམས་ནས་ལོ་མང་འདས།
སྟ་གོན་ལ་འཇུས་ནས་ཡུན་རིང་སོང་།
ཨ་མ་འདི་ལྟར་རྒས་སོང་ལ།
ང་ཚོ་འདི་ལྟར་འགོར་སོང་།
འདུ་འཛི་དང་བྲེལ་ཟིང་གི་བསླུ་བྲིད་འོག
ཨ་མ་རྒས་སླ་ལ་དུས་ཚོད་བོར་མྱུར་བས།
གལ་ཏེ། ཁྱེད་ཀྱིས་ཨ་མར་ཅི་ཞིག་ཉོ་བསམ་ན།
ཆེས་འཚམ་པའི་དུས་ཚོད་ནི་ད་ལྟ་ཡིན།
གལ་ཏེ། ཁྱེད་ཀྱིས་ཨ་མར་ལན་ཅིག་འཐམ་སྙམ་ན།
ཆེས་འཚམ་པའི་དུས་ཚོད་ནི་ད་ལྟ་ཡིན།
གལ་ཏེ། ཁྱེད་ཀྱིས་ཨ་མར་དགའ་ཞེས་གླེང་འདོད་ན།
ཆེས་འཚམ་པའི་དུས་ཚོད་ནི་ད་ལྟ་ཡིན།