སྤྱི་ཟླ་༤པའི་ཚེས་༣༠ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འབེབས་བྱས་པ་གཞིར་བཟུང་སྟེ། སྤྱིར་དུ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་།སྒོས་སུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་རྒྱུན་འཛིན་གང་ལེགས་བྱེད་པ།ལྷག་ཏུ་“ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར”དགའ་བསུ་ཞུ་བ་དང་ཆབས་ཅིག་སློབ་གྲྭའི་དགེ་སློབ་རྣམ་པས་ཡིག་གཟུགས་སྦྱོང་བར་སྤྲོ་སྣང་འཕེལ་ཞིང་ཆུ་ཚད་གོང་མཐོར་ཡོང་བ་བཅས་ཕྱོགས་དུ་མར་དམིགས་ནས། ཟླ་༤པའི་ཚེས་༣༠ཉིན་ལ་ངེད་སློབ་གྲྭ་དང་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་སློབ་གསོ་ཚན་རིག་ཁང་མཉམ་འབྲེལ་གྱི་ཐོག་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལགས།
ད་སྐབས་ཀྱི་བྱེད་སྒོ་འདི་ལ། བྲིས་གཟུགས་འགྲན་བསྡུར་དང་། བརྩམས་ཆོས་དཔྱད་འདེམས། གཟེངས་རྟགས་ཕུལ་བ། ཡིག་གཟུགས་འགྲེམས་སྟོན་བཅས་རིམ་པ་བཞིས་གྲུབ་པར་བྱས། སློབ་མ་༤༣བྲིས་གཟུགས་འགྲན་བསྡུར་དུ་ཞུགས་ཡོད་པ་དང་། འགྲན་བསྡུར་སྐབས་ཀྱི་འབྲི་ཤོག་དང་ནང་དོན་གཅིག་གྱུར་ཡིན། འགྲན་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སློབ་ཚོའི་སྤྲོ་སེམས་རབ་ཏུ་འཁོལ་ཞིང་ནན་ནན་ཏན་ཏིག་གི་སྒོ་ནས་རང་གི་ཐུན་མོང་མ་ཡིན་པའི་བྲིས་རྩལ་དེ་ཉིད་དཀར་འཇམ་ཤོག་བུའི་སྟེང་དུ་མངོན་པར་བྱེད།
སློབ་གྲྭའི་བོད་སྐད་ཡིག་སློབ་དཔྱོད་ཚོགས་ཆུང་གིས་འདྲ་མཉམ་དང་། དྲང་བདེན། ཡོངས་བསྒྲགས་བཅས་གཙིགས་སུ་བཟུང་ཏེ་འགྲན་ཞུགས་བརྩམས་ཆོས་དག་ལ་དཔྱད་འདེམས་བྱས་མཐར། དབུ་ཅན་དང་ཚུགས་རིང་། ཚུགས་ཐུང་བཅས་ཀྱི་བྱ་དགའ་ཨང་དང་པོ་༣ དང་། ཨང་གཉིས་པ་༥ ཨང་གསུམ་པ་༨ ཕུལ་བྱུང་བྱ་དགའ་༩ བཅས་བདམས་ཐོན་བྱུང་།
དཔྱད་འདེམས་བྱས་རྗེས་སློབ་གྲྭའི་ནུས་མང་ཟ་ཁང་དུ་འདན་ཚ་འཇམ་དབྱངས་ཆོས་དར་དང་བཀྲ་ཤིས་དོན་གྲུབ། ཆུང་ལྷ་བཅས་གཙོར་བྱས་པའི་ཡིག་མཁན་རྣམས་ཀྱི་ཕུལ་བྱུང་གི་བརྩམས་ཆོས་དང་ངེད་སློབ་གྲྭའི་འགྲན་ཞུགས་བརྩམས་ཆོས་སོགས་ལྷན་དུ་གཟིགས་མོ་བའི་མིག་གི་དགའ་སྟོན་དུ་བཤམས།
ད་སྐབས་ཀྱི་བྱེད་སྒོ་སྤེལ་བ་དེས་སློབ་མ་ཚོའི་བོད་ཀྱི་ཡིག་གཟུགས་འབྲི་བའི་གཞི་རྩའི་ནུས་རྩལ་ལ་སྦྱོང་བརྡར་ཐེབས་པ་མ་ཟད། ཉམས་འགྱུར་སྟོང་ལྡན་གྱི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ལ་དགེ་སློབ་ཚང་མས་སྔར་བས་ལྷག་པའི་རྒྱུས་ལོན་དང་དུང་ཞེན་ཇེ་ཟབ་ཏུ་གྱུར་ཏེ་བོད་སྐད་ཡིག་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་དགེ་མཚན་བླ་ན་མེད་པ་ལྡན་ནོ། །