རང་རེའི་གངས་ཅན་ལྗོངས་ཀྱི་འགྲན་ཟླ་བྲལ་བའི་བོད་ཀྱི་རིག་གཞུང་ནི་གཏིང་མཐའ་མ་མཆིས་པའི་རྒྱ་མཚོའི་སྤུན་ཟླར་གྱུར་བས་འཛམ་གླིང་ཡུལ་གྲུ་ཀུན་གྱི་མཁས་དབང་རྣམས་ཀྱི་མགྲིན་ལམ་ལས་བསྔགས་བརྗོད་ཀྱི་མེ་ཏོག་བར་མ་ཆད་པར་གཏོར་བཞིན་ལགས། བོད་སྐད་ཡིག་ནི་ནང་དོན་ཆ་ཚང་ལ་རིག་གཞུང་ཀུན་ལས་ཁྱད་འཕགས་ཀྱི་རང་བཞིན་ལྡན་པས་གོ་ལ་ཧྲིལ་པོའི་རིག་པའི་སྐྱེད་ཚལ་ནང་ཆེས་རྣམ་པར་བཀྲ་བའི་མེ་ཏོག་ཅིག་ཏུ་མངོན་པ་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ་མུས་སུ་མཆིས་ཏེ། ཚད་ལྡན་སྐད་ཡིག་གི་ཆ་རྐྱེན་འཛོམས་པའི་བོད་ཀྱི་རིག་པའི་གནས་འདིར་ནང་དོན་གྱི་ཐད་ནས་བརྗོད་ཀྱིས་མི་སྤོབས་མོད།
ཡིག་གཟུགས་ཀྱི་དབྱེ་བ་དུ་མ་མཆིས་པའི་ཁྲོད་ལས་དཔེ་ཚུགས་དང་། དབུ་ཅན། འབྲུ་ཚ།
འཁྱུག་ཡིག བདེན་སྣང་གསར་ཁྲིད་བཅས་ཀྱི་རིགས་མི་འདྲ་བའི་ཡིག་གཟུགས་འགྲན་བསྡུར་ནང་རང་ཚན་པའི་བོད་སྐད་ཡིག་འཆད་ཁྲིད་མཁན་དང་ལོ་རིམ་གསུམ་པོའི་འཛིན་གྲྭ་ཁག་ནས་སློབ་མ་གཉིས་རེ་བཀོད་སྒྲིག་གིས་གཞོན་ནུའི་བྱེད་སྒོ་ལྟེ་གནས་སུ་རང་རང་གི་ཁྱད་མཚར་འཇོན་ནུས་ལྡན་པའི་ཡིག་གཟུགས་འབྲི་བའི་བྱེད་སྒོར་བཞུགས་ནས་བོད་སྐད་ཡིག་སྦྱོང་སྤྱོད་ཀྱི་ཐད་ཉམས་པ་སོར་ཆུད་དང་།
མི་ཉམས་གོང་འཕེལ་གྱིས་རྒྱུན་འཛིན་བྱ་རྒྱུའི་སྐུལ་སློང་གིས་བོད་སྐད་ཡིག་ལ་འཛིན་པའི་འདུ་ཤེས་སྐྱེ་བསྲིང་གི་ནུས་པ་ཐོན་རྒྱུར་དམིགས་པའི་འདུན་པ་ཇེ་བཟང་དུ་འགྲོ་བར་ཕན་འབྲས་ངེས་ཅན་ཞིག་ལྡན་ཕྱིར་སློབ་མ་རྣམས་ཀྱིས་རང་རང་གི་འབྲི་རྩལ་ངོམས་ནས་ཡིག་གཟུགས་འགྲན་བསྡུར་ཁྲོད་བཞུགས་པའི་ནང་ལོ་རིམ་ཁག་གི་སློབ་མ་རྣམས་ལ་ལོ་རིམ་ཁག་གི་རིམ་པ་གསུམ་དུ་དབྱེ་ནས་གཟིགས་གཟོས་ཀྱི་བྱ་དགའ་སྤྲོད་པའི་འགྲན་བསྡུར་ཞིག་སྤེལ་གནང་བ་རེད།
ཐེངས་འདིའི་བྱེད་སྒོའི་ནང་ཡིག་གཟུགས་འབྲི་སྦྱོང་ལ་མཉེས་པའི་རྒན་ལགས་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཀྱི་བརྩམས་བྱ་ཁག་རེ་རེ་བཞིན་འགྲེམས་སྟོན་བྱས་པ་དང་། སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་རེ་ནས་སློབ་མ་གཉིས་རེ་བདམས་ནས་གཞོན་ནུའི་བྱེད་སྒོ་ལྟེ་གནས་སུ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བས། སློབ་མ་ཚོས་རང་རང་གི་པིར་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཤར་མར་བྲིས་པ་བརྒྱུད། ཁོ་པ་ཚོའི་ཡིག་གཟུགས་བརྩམ་བྱར་བོད་ཡིག་དགེ་རྒན་ཡོངས་རྫོགས་དང་འགྲན་ཞུགས་དགེ་རྒན་ཕལ་མོ་ཆེས་ཚད་མཐོའི་གདེང་འཇོག་ཐོབ་ཐུབ་པ་བྱུང་ཡོད།