当前位置: 首页 > 特色藏文 > 巴罗老师作文《家乡》

巴罗老师作文《家乡》

2019年06月04日 10:26:50 访问量:242
ནམ་རྒྱུན་ངས་ཕ་ཡུལ་ཞེས་པའི་ཡིག་འབྲུ་གཉིས་པོ་ཁྲ་ཆུང་མིག་གིས་མཐོང་ཐེངས་རེ་དང་། དར་ལུང་རྣ་བས་ཐོས་ཐེངས་རེར། འཇིག་རྟེན་འདི་རུ་ཐོག་མར་ལྟེ་ཁྲག་འཕོ་སའི་ཞིང་གྲོང་དེ་རྟག་ཏུ་ང་རང་གི་ཡིད་ཀྱི་མེ་ལོང་ངོས་སུ་གསལ་ལེར་འཆར་འོང་གིན་འདུག ཕ་ཡུལ་དུ་ང་ལ་མི་ལུས་རིན་ཆེན་གྱི་རྟེན་བཟང་སྐལ་དུ་སྦྱིན་མཁན་དྲིན་ཆེན་ཡབ་ཡུམ་ཟུང་གི་བྱམས་དང་བརྩེ་བའི་རྟེན་མཁར་བརྩིགས་ཡོད་ལ། ཤ་རུས་གཅིག་པའི་ཕུ་ནུ་མིང་སྲིང་གི་བརྩེ་བ་དང་དུང་བ་རྣལ་མའི་གུར་ཁང་ཕུབ་ཡོད། ད་དུང་ལྕི་འདམ་གྱི་འཇིག་རྟེན་གསར་པའི་ནང་ང་ཡིས་ཕ་དང་ཁྱེད་ཀྱིས་མ་བྱེད་པའི་བྱིས་དུས་ཀྱི་རྩེད་གྲོགས་ཚོའི་མཛའ་གཅུགས་དྲི་མ་མེད་པའི་མཚོ་མོ་བསྐྱིལ་ཡོད། དེ་རུ་གནམ་སྔོན་མོའི་རང་མདངས་སྔར་ལས་གསལ་ལ། ས་དོག་མོའི་ཁ་ཞེང་དེ་བས་ཆེ། སྤྲིན་དཀར་པོའི་མཛེས་རིས་སྙིང་ལ་སྡུག་ཅིང་། དྲིན་ཉི་མའི་འོད་སྣང་ལྷག་ཏུ་འཚེར། ཕ་ཡུལ། ཁྱོད་ཀྱི་རུམ་དུ་དྭངས་གཙང་ཆུ་དང་ཆུ་ཕྲན་གྱི་ཤང་ཤང་བཞུར་སྒྲ་སྙན་མོ་རྟག་ཏུ་ཐོས་རྒྱུ་ཡོད་ལ། ཁྱོད་ཀྱི་པང་དུ་འཕུར་ལྡིང་གི་གཤོག་ཟུང་རྒོད་པའི་གཉིས་སྐྱེས་ཀྱི་ཚོགས་རྣམས་ཕན་ཚུན་འཚེ་བ་མེད་པར་ཀྱུར་ཀྱུར་དབྱངས་སྙན་འབྱིན་ཞིང་། དགའ་སྐྱིད་ཀྱི་གླུ་དབྱངས་འཇིག་རྟེན་སྐྱེ་བོའི་ཡིད་ཀྱི་གསོས་སུ་སྨིན། ཕ་ཡུལ། ཁྱོད་ཀྱི་པང་ན་མུ་ཁ་དང་མུ་ཁ་སྦྲེལ་བའི་རྣང་ཞིང་གྲུ་བཞིའི་སྟེང་གི་ནས་ཞིང་གི་སྐྲ་ལོ་བསེར་བུ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གར་སྟབས་ལིང་ལིང་གི་དགའ་བའི་འགྱུར་བག་ཅི་ཡང་སྟོན་པས་སྐྱེ་བོའི་མིག་ཡིད་ཀྱི་དགའ་སྟོན་དུ་གྱུར།
ཕ་ཡུལ། ཁྱོད་ཀྱི་རུམ་དུ་ས་ནག་དང་འཐབ་པའི་ཕུ་ནུ་ཚོས་ལས་གཞས་སྙན་མོ་དབྱངས་སུ་འགུག་ཅིང་། དཀའ་བའི་ལས་ལ་སྤོབས་པས་འཇུག་བཞིན་མཆིས།  ང་རང་ཕ་ཡུལ་དུ་སླེབས་རིམ་བཞིན་ཡུལ་དུས་ཀྱིས་བསྐལ་པས་ཡུན་རིང་བྲལ་བའི་གཅེས་ཕྲུག་ཅིག་དྲིན་ཅན་མ་མའི་པང་དུ་ལོག་པ་དང་ཅི་འདྲའི་མཚུངས་ཨང་། ང་རང་ཕ་ཡུལ་དུ་སླེབས་རིམ་བཞིན་ལུས་ཀྱི་བྱང་ཁོག་ཀུན་ཏུ་སྨྲ་མི་ཤེས་པའི་བདེ་སྣང་གིས་ཡོངས་སུ་ཁྱབ་ཅིང་། ད་གཟོད་ཞི་བདེ་དང་ལྷིང་འཇགས། སོས་དལ་དང་བག་ཕེབས། མཛའ་གཅུགས་དང་འཆམ་མཐུན་སོགས་ཀྱི་ཐ་སྙད་དག་ལ་ངེས་ཤེས་བླ་ལྷག་ཏུ་སྐྱེས་ཡོང་། ཕ་ཡུལ། ཁྱོད་ཀྱི་པང་དུ་བདག་གི་བྱིས་དུས་ཀྱི་རྨི་ལམ་མང་དག་ཅིག་གི་དབུ་ཁྱུད་བྲིས་ཡོད་པས། ཁྱོད་ནི་བདག་གི་སེམས་ཀྱི་དུས་གསུམ་དུ་འཚོ་བའི་གནས་ཁང་དྲོན་མོ་དེ་ཡིན་ལ། མདོར་ན་ཁྱོད་ནི་བདག་གི་སེམས་ཁོང་གི་དག་ཞིང་འབའ་ཞིག་གོ། 
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心