当前位置: 首页 > 通知公告 > བུ་བཅོལ་ཁང་གི་ཟུར་ཞིག་ནས་བོད་ཡིག་གི་ལས་དབང་གླེང་བ།

བུ་བཅོལ་ཁང་གི་ཟུར་ཞིག་ནས་བོད་ཡིག་གི་ལས་དབང་གླེང་བ།

2020年06月26日 10:57:26 访问量:135

 གཟའ་མིག་དམར་ཉིན་གྱི་ཞོགས་པར་གྲོང་ཁྱེར་ལྷ་སའི་ཁོར་ཡུག་ཀུན་ཏུ་ཁ་བས་གཡོགས་ཤིང་སྨུག་སྤྲིན་གྱ་གྱུས་ཉེ་འཁོར་གྱི་རི་བོ་དང་ཁང་བརྩེགས་ཀྱང་ཞིང་ཁམས་གཞན་ཞིག་གི་མཛེས་རིས་ལྟར་བཀོད་འདུག གུས་པའི་དྲན་ངོས་ལ་བརྗེེད་ངས་ཀྱི་རྐུན་པོ་བྱུང་མེད་ན་དེ་རིང་གི་ཁ་བ་འདི་ནི་ཉིས་སྟོང་བཅུ་དྲུག་ལོའི་ནང་ལྷ་སར་ཁ་བ་འབབ་ཐེངས་གཉིས་པ་དེ་རེེད། 

      ཉིན་འདི་ནི་སྤྱི་ཟླ་གསུམ་པའི་ཚེས་གཅིག་སྟེ་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་བུ་བཅོལ་ཁང་ཡན་དགུན་ཁའི་གུང་གསེང་ཡོལ་ནས་གསར་དུ་སློབ་འགོ་ཚུགས་པའི་ཟླ་བ་ཞིག་དང་ལྷག་པར་དབུས་ཕྱོགས་ཀྱི་སློབ་གྲྭ་ཕལ་ཆེ་བ་དངོས་སུ་འབྱོར་ཐོ་བཀོད་དེ་སློབ་འགོ་ཚུགས་པའི་བྲེལ་ཟིང་གི་ཉིན་མོ་ཞིག་ཀྱང་རེད།སློབ་གྲྭ་རེ་རེའི་སྒོ་འགྲམ་ན་ཁྱིམ་བདག་བརྒྱ་ཕྲག་གིས་ཕྲུ་གུ་སྐྱེལ་བསུ་བྱེད་པའི་འདུ་འགོད་ཀྱི་ཡོ་ལང་དང་འཁོར་རིགས་འདྲ་མིན་གྱི་འཚང་ཁ་སོགས་ཀྱིས་ཁོར་ཡུག་དེ་ཡོམ་ཡོམ་གཡོ་བཞིན་འདུག་ཀྱང་བདེ་འཇགས་དོ་དམ་མི་སྣས་ཚད་མཐོའི་འགན་སེམས་ཧུར་བརྩོན་གནང་བཞིན་ཆེ་བ་འགྲིམ་འགྲུལ་གྱི་གནས་ཚུལ་ནས་ཆུང་བ་རྐུ་མ་ཡན་གྱི་དོན་རྐྱེན་མི་ལྷག་པའི་ཐད་སྤྱི་ཚོགས་ལ་ཞབས་ཞུ་དང་རང་གི་ལས་གནས་བརྟན་སྲུང་སོགས་སྔར་ལས་ལྷག་པའི་བཀོད་འདོམས་བྱས་ཏེ་ཐུགས་ཁུར་ཆེ་བཞེས་གནང་བཞིན་འདུག     སློབ་གྲྭ་སོ་སོའི་དགེ་རྒན་རྣམས་ཀྱང་མ་མཐར་ཡང་ཉིན་གཅིག་གི་སྔ་སྣུར་དུ་ལས་ཡུལ་ཐོག་འབྱོར་ནས་སློབ་འགོ་ཚུགས་རྒྱུའི་གྲ་སྒྲིག་བྱས་ཟིན་པ་བཅས་གུས་པས་མཐོང་ཐོས་མྱོང་གསུམ་དུ་གྱུར་བ་དག་ལ་བསམ་གཞིག་ཅིག་བྱེད་སྐབས་སློབ་གསོ་ཟེར་བ་ནི་ཆེ་བ་རྒྱལ་ཁབ་དང་མི་རིགས་སོ་སོ་ནས་ཆུང་བ་ཁྱིམ་ཚང་རེ་རེ་ཡན་ལ་འགན་འཁྲི་ཡོད་པའི་དོན་གནད་གལ་ཆེན་ཞིག་དང་རྒྱ་ཆེའི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་དེར་སྒོ་ཀུན་ནས་མཐོང་ཆེན་གནང་བཞིན་ཡོད་པའི་ཚོར་སྣང་ཞིག་གིས་སྟེར་གྱིན་འདུག

          ཉིན་དེའི་ཞོགས་པར་གུས་པ་ཡང་ལོ་གསུམ་ལྷག་ལོན་པའི་རང་གི་ཕྲུ་གུ་དེ་བུ་བཅོལ་ཁང་ག་གེ་མོ་ཞིག་ཏུ་སྐྱེལ་བར་ཕྱིན་ལ་གནས་སྐབས་བཀོད་སྒྲིག་བྱས་པའི་ཁྱིམ་བདག་སྣེ་ལེན་ཁང་ཞིག་ཏུ་སློབ་གྲྭ་དང་ཁྱིམ་བདག་དབར་གྱི་གན་རྒྱའི་ཡིག་ཆ་དེར་མིང་ཐོ་འགོད་སའི་ལས་སྒྲུབ་ཁང་ནས་ཕན་ཚུན་བསྲེས་སྐད་དང་སྦྲགས་སློབ་གྲྭ་དེའི་དགེ་རྒན་རེ་གཉིས་ལ་ཁ་བརྡ་དང་བཅས་འབྲེལ་ཡོད་གཏམ་གླེང་སྣ་ཚོགས་ཀྱི་ཟུར་ནས་ཕྲུག་གུ་ཚོར་བསྲེས་སྐད་མ་ཡིན་པའི་སྐད་ཆ་གཙང་མ་ཞིག་ཤོད་ཐུབ་རྒྱུའི་རེ་བ་དང་ཀ་མད་སུམ་ཅུ་གཙོས་བོད་ཡིག་ལ་དོ་སྣང་ཡོང་བའི་རེ་འདུན་གང་འཚམ་བཏོན་རྒྱུའི་གོ་སྐབས་ཤིག་ཐོབ་པས་ཁོང་རྣམས་ནས་གསུངས་དོན"དེང་སྐབས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་སྤྱི་ཚོགས་ལས་རིགས་སོ་སོར་སྤྱི་སྐད་ལ་དོ་སྣང་དང་རྒྱ་ཁྱབ་(推广普通话)བྱེད་ཀྱི་ཡོད་ཚུལ་"དང་"ངེད་བུ་བཅོལ་ཁང་གི་དགེ་རྒན་མི་རེ་ངོ་རེར་ཡང་དེའི་ཐད་ནས་འགན་འཁྲི་ཆེན་པོ་ཡོད་ལུགས་སོགས་ངག་འཇམ་པོའི་སྒོ་ནས་གསུངས་བྱུང་ལ་ཞོར་དུ་གུས་པའི་རེ་བ་ལྟར་གང་ཐུབ་ཅི་ཐུབ་ཀྱིས་བོད་སྐད་ལ་དོ་སྣང་བྱ་རུ་བཅུག་"པའི་ཐུགས་བཞེས་ཀྱང་གནང་བྱུང་བར་བརྟེན་དགེ་རྒན་ཁོང་ནི་ཁྱིམ་བདག་གི་བསམ་འཆར་སྣང་མེད་དུ་མི་བཏང་མཁན་ཞིག་ཡིན་པའི་ཚོར་སྣང་སྐྱེས་ཏེ་ཅུང་ཟད་ལྷོད་ལྷོད་བྱུང་རུང་ང་ལ་མཚོན་ན་སློབ་མའི་ཁྱིམ་བདག་གི་ཐ་སྙད་ཐོབ་པའི་ལེའུ་ཐོག་མ་དེ་རིང་ནས་འགོ་བརྩམས་པ་ཡིན་རྐྱེན་དགའ་སྐྱོ་གཉིས་ལྡན་གྱི་ཚོར་འདུ་ཞིག་རུས་རྐང་གི་གཏིང་ནས་འཕྱོ་བཞིན་ད་གཟོད་རྒྱ་ཅོག་གྲུ་བཞི་དེའི་སྟེང་གི་རྒྱ་བོད་གཉིས་ཀྱི་སྐད་ཡིག་ལས་གྲུབ་པའི་གན་རྒྱའི་ཡིག་ཆ་དེར་འགོ་ནས་མཇུག་བར་ནན་ཏན་གྱིས་ཐེངས་ཤིག་བཀླགས།   ཟུར་དུ་ཡོད་པའི་ཁྱིམ་བདག་དེ་དག་ལས་གན་རྒྱའི་ཡིག་ངོས་ལ་ལྟ་ཙམ་ཡང་མེད་པར་ཐད་ཀར་མིང་ཐོ་འགོད་མཁན་གང་མང་འདུག་ལ་རག་ཀློག་ཙམ་བྱས་ཏེ་མིང་ཐོ་བཀོད་མཁན་ཡང་ཁ་ཤས་མཆིས། དེ་དག་གི་དཀྱིལ་ནས་མང་ཆེ་བས་རྒྱ་ཡིག་གི་ལམ་ནས་བྲིས་པའི་གན་རྒྱར་བལྟས་ཏེ་ཐད་ཀར་རང་གི་མིང་ཐོ་ཡང་རྒྱ་ཡིག་གི་ཐོག་ནས་བཀོད་པ་ལས་བོད་ཡིག་ལ་ལྟས་ཏེ་མིང་ཐོ་འགོད་མཁན་ནི་གུས་པ་དང་ལོ་ན་མཐོ་བའི་རྒན་ཁོག་ཁ་ཤས་ལས་མ་འདས། ཤོག་ལྷེ་གཅིག་གི་ངོས་སུ་ཡིག་གྲངས་བརྒྱ་ཚོ་ལས་མ་བརྒལ་བའི་བོད་ཡིག་གན་རྒྱ་དེར་མ་མཐར་ཡང་ཡིག་ནོར་བཅུ་གྲངས་ཤིག་ཤོར་འདུག་ལ་ཡིག་ནོར་དེ་དག་ཀྱང་ཆེས་འགག་གནད་ཅན་གྱི་མིང་ཚིག་ཤ་སྟག་ཡིན་པའི་ཁར་ཤད་དང་ཚེགས་ཀྱི་འབྲི་སྟངས་ནི་དེ་བས་ཀྱང་བཤད་མ་དགོས། 

     གལ་སྲིད་རྒྱ་ཡིག་གི་ཐོག་ཏུ་(幼儿)ཞེས་པའི་མིང་ཚིག་དེ་(有耳)དང་(一二)ཡང་ན་(标点符号)སོགས་འབྲི་ནོར་ཤོར་ཡོད་ཚེ་སློབ་གྲྭ་དེའི་སློབ་སྤྱི་ནས་འགོ་བཙུགས་ཏེ་ཏན་ཏན་བསྒྱུར་བཅོས་བྱེད་སྲིད་ལ་ཡིག་གཏགས་པ་དེར་གཤེ་གཤེ་ཡང་གཏོང་སྲིད། འོན་ཀྱང་བོད་ཡིག་འདི་ཉིད་ཇི་ཙམ་གྱིས་ཡིག་ནོར་བྲིས་རུང་བསྒྱུར་བཅོས་མེད་ལ་ཐ་ན་དོ་སྣང་ཙམ་ཡང་མི་བྱེད་པ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡིན་པས་ལན་པ་ཡིན་ནམ་ཡང་ན་ཁོར་ཡུག་དེར་བོད་ཡིག་མཁོ་མེད་དུ་སྨྲ་མཁན་མང་དྲགས་པས་མང་གཙོ་ལ་བསྟུན་པ་ཡིན། ཡང་ན་བོད་ཡིག་ནི་བླ་སྤྲུལ་དགེ་བཤེས་སོགས་གཙོས་ཆོས་ལུགས་པའི་ཡི་གེར་རློམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་གཉེར་སློབ་གྲྭར་དེ་ཙམ་བཀོལ་སྤྱོད་མི་ཆོག་པ་དང་བཀོལ་རུང་དེ་ཙམ་དོ་སྣང་མི་དགོས་པར་འཕྲུལ་བ་རེད།      ཡང་ན་1954ལོར་རང་རྒྱལ་གྱི་རྩ་ཁྲིམས་ཐེངས་དང་པོ་གཏན་འབེབས་སྐབས་ཀྱི་དོན་ཚན་བཞི་པའི་དགོངས་དོན་དུ་མི་རིགས་སོ་སོའི་སྐད་ཡིག་ལ་བརྩི་མཐོང་དགོས་པའི་ཁྲིམས་ལུགས་གཏན་འབེབ་གནང་བ་དེར་རྒྱུས་མངའ་ཙམ་མེད་པ་མ་ཟད་རང་ལ་གླ་ཕོགས་བྱུང་ན་སྐད་དང་ཡི་གེ་རིགས་དང་རུས་པ་ཟེར་བ་ཡོད་ཚད་བོར་ཟིན་པས་ལན་པ་རེད། གང་ལྟར་ཡིག་ནོར་དང་ཚིག་རོ་ལས་སྦག་པའི་གོ་བརྡ་འཕྲོད་ཙམ་གྱི་གན་རྒྱ་དེའི་ཐོག་ཏུ་ན་ཟུག་གི་ཀློང་ནས་མིང་ཐོ་དང་མཛུབ་ཐེལ་ཞིག་བཀོད་ནས་ཕྱིར་ལོག་དགོས་བྱུང་།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心