སྲིན་བྱའི་ཐན་སྐད།
བོང་རྒན་ངུ་བའི་སྒྲ་ལ་སྙན་ངག་ཏུ་བསམ་ན།།
ན་གཞོན་རྣ་དབང་གསལ་ཡང་སྡོང་རུལ་གྱི་བུ་ག།
ག་བྱེད་ཅི་བསམ་མེད་པའི་མུ་ཅོར་གྱི་ག་ཞ།།
ཞ་ལོང་གཡང་ལ་མཆོངས་འདྲ་དཔའ་བོ་རུ་ཅི་འོས།།
མགོ་ཆེ་མཇུག་མ་ཕྲ་བའི་ཐོས་གསོག་དང་གཅིག་བྱས།།
ལམ་སྡུམ་ཁ་ལ་རྒྱས་པའི་ལེ་ལན་དང་གཉིས་བྱས།།
འདི་ན་ངའོ་སྙམ་པའི་ཐོ་ཅོ་དང་གསུམ་པོ།།
སློབ་གཉེར་ལམ་བུའི་གེགས་སུ་ངེས་པར་དུ་ཤེས་དགོས།།
སྐུལ་སློང་ཉི་གཞོན་དྭངས་པའི་ཚོགས་ནང་གི་གཏམ་དོན།།
ཞེ་སྡང་སྲིན་བྱའི་མིག་ལ་ལྷག་པར་དུ་གཟན་ཡང་།།
རྙོགས་ཆུར་ཟླ་བའི་གཟུགས་བརྙན་མི་སྣང་བར་གྱུར་རུང་།།
ཟླ་བའི་གཟུགས་ཀྱིས་མ་ལན་དགའ་བ་རེ་སྒོམས་ཤིག།
མཁའ་ལ་ཀྱུར་ཀྱུར་སྒྲོག་པའི་བྱིའུ་མཆིལ་པ།།
ནས་ལ་འུར་འུར་སྡང་བའི་བྱ་ཐན་པོ།།
མི་ཁྱིམ་གསེང་གསེང་འཛུལ་བའི་སྙིང་ཆེན་པོས།།
སྐས་གདང་ནར་ནར་གཅོག་འདོད་འུད་ཆེན་པོ།།
བསམ་ནོར་ཀུན་འབྱུང་མིང་གི་ལྷག་མ་ཙམ་རེད་འདུག།
ཟས་གོས་གནས་མལ་ཁ་ཚ་དགོས་ཐུག་རང་རེད་འདུག།
རྒྱ་ཆེན་བསམ་པ་ཆར་རྗེས་འཇའ་ཚོན་ཙམ་ཡིན་ན།།
རྨ་ལ་རྨ་སྨན་འདེབས་པ་དོན་གནད་དུ་ཤེས་སོང་།།
རིག་གནས་རིག་པའི་ཀློང་ན་ཚེ་བཙོན་དུ་བཅུག་ཅིང་།།
ལུས་ཕུང་ལུས་ཀྱི་ཆེད་དུ་འདུར་རྒྱུག་གིས་བྲེལ་བ།།
ཡལ་ག་ཡལ་ག་བཟུང་ཏེ་རྩ་བ་དེ་བོར་བའི།།
ཟས་སྣོད་ཟས་ཀྱི་རྐྱལ་པའི་རིན་ཐང་ལ་གཟིགས་ཤིག།
ཚིག་དང་ཚིག་གི་བར་དུ་ཕག་ཕག་ལ་གཞའ་ཞིང་།།
སྙིང་དོན་སྙིང་གི་དབུས་སུ་རབ་རིབ་ཏུ་གྱུར་ཡང་།།
སྙན་འཇེབས་སྙན་དབྱངས་རྣ་ལ་ཡང་ཡང་དུ་ཉན་པས།།
རང་ཉིད་རང་སེམས་གསོ་ལ་ལྷག་ལྷག་ཏུ་དགའ་བྱུང་།།
ལྟོ་བའི་ལྟོ་ཐུན་ཆེད་དུ་མར་སྐོགས་ལ་ཕྱོགས་ཤིང་།།
མི་ཚེ་མི་ལུས་ཆེད་དུ་ཌ་རུ་ལ་འཆང་བ།།
ནང་པ་ནང་སེམས་གཙོ་དོན་གཏིང་བརྗེད་དུ་སོང་ནས།།
འཇའ་དང་འཇའ་ཚོན་གོས་ཀྱི་སྐྱོ་གར་ལ་གཟིགས་ཤིག།
བྱ་འཛིན་ཉ་འཛིན་བྱེད་པའི་འདྲ་པགས་དེ་བཤུས་ཤིང་།།
མི་བྱེད་རྒུ་བྱེད་སེམས་ཀྱི་འདུ་བཀོད་དེ་སྤོང་བ།།
ཁ་ཡོད་ལག་ཡོད་འཁྲི་བ་ཕྲག་སྟེང་དུ་འཁྱེར་ཏེ།།
དམ་ཚིག་བྱ་ཚིག་གཙང་མ་ཕྱི་མ་ལ་སྐུར་ཅིག།
འཇའ་ལུས་མཁའ་སྤྱོད་དག་པོ་སེམས་ཉིད་ཀྱང་གཙང་མ།།
འཇའ་གུར་སྒྱུ་མ་མཁན་སེམས་གཟུང་འཛིན་ལས་མི་ཐར།།
འཇའ་འོད་གུར་ཁང་ཕུབ་པ་དམ་པ་ལ་ཡོད་ཀྱི།།
འཇའ་ཚོན་གོས་སུ་རེ་བའི་ཕལ་པ་ལ་མེད་དོ།།
དགའ་མ་ཁུག་མར་བཅུག་འདོད་སེམས་ཁྲལ་དེ་མེད་ཅིང་།།
མཛའ་བོ་དགྲ་བོར་གྱུར་བའི་སེམས་གཅོང་ཡང་མི་དགོས།།
ཕྱི་ཚུལ་འདྲ་ཆགས་བགྱི་བ་ཐལ་དོང་ལ་སྐྱུར་ནས།།
གང་ལ་གང་འོས་སྤྱོད་པའི་ཁེར་རྐྱང་འདི་སྐྱིད་པ།།
དགའ་གྲོགས་འཐབ་གྲོགས་གྲོགས་ཀྱི་གྱ་གྱུ་དེ་ཆད་ལ།།
བྱི་ཕྲུག་སྤང་ཕྲུག་ཕྲུ་གུའི་ཉག་ཉོག་ཀྱང་ཆད་པ།།
བསྡུ་གསོག་གྲབས་གསོག་བསགས་ནོར་ཟང་ཟིང་ཡང་ཆད་ན།།
གཤིན་རྗེ་གསོན་རྗེ་རྗེ་བོ་ཤར་ཤར་དུ་མཇལ་ཆོག།
དག་དིག་དམ་དུམ་གཏམ་གྱིས་ཉག་ཉོག་ཀུན་བསལ་ཞིང་།།
ཟོལ་ཟོག་ཚམ་ཚོམ་མེད་པས་ཉ་ཉུང་ཡང་མ་འདྲེས།།
ཅ་ཅོ་ཆལ་ཆོལ་སྨྲ་བར་རབ་རིབ་ཏུ་བསམ་ན།།
བར་བེར་འ་འུར་འདི་ནས་ཡ་ཡུད་ལ་དེངས་ཤིག།
འབ་རྒྱུ་མེད་པའི་འདོགས་ཁྱི་བླ་མ་དང་འདྲ་པོ།།
རྐུབ་སྟེགས་སྲུང་བའི་མི་ཆེན་འདོགས་ཁྱི་ཡི་སྤུན་ཟླ།།
ཡིག་ཆའི་བྲན་པོ་འབངས་འཁོར་རྐང་བདེ་དང་ལག་བདེ།།
མི་རིགས་ཡར་ཐེམ་འཛེགས་པའི་བཀག་རྡོ་རང་ཡིན་ནོ།།
ནེ་ཙོ་གཅིག་གིས་ནེ་གུ་དགའ་རབ་རང་གསོས་ན།།
རྒྱ་ཁྲོམ་དབུས་སུ་ཡོང་སྒོ་དགའ་རབ་རང་འདུག་སྟེ།།
སྐྱོར་དཔོན་གཅིག་གིས་སྐྱོར་ཕྲུག་མང་རབ་གཅིག་གསོས་ན།།
མི་རབས་རྗེས་མར་སྤྲང་རྒན་མང་རབས་སུ་གྱུར་རོ།།
ཕྱི་མོ་ཝར་ཏུར་བཅོལ་བའི་ཐོན་མི་ཡི་མཛུབ་བྲིས།།
རྒྱལ་ཁམས་རིག་པས་སྐོར་པོ་དགེ་ཆོས་ལ་མ་གཟིགས།།
ལོ་རྒྱུས་ཟོལ་མ་ནེ་ཙོའི་མ་ཎི་བཞིན་འདོན་པའི།།
རི་བོང་ཅལ་སྒྲོག་ཚོ་ཡིས་མ་དཔེ་དེ་སྟོན་རོགས།།