ཤོ་རྩེད་དང་ཤོ་བཤད།
༡ ངོ་སྤྲོད།
འདི་ཡང་བོད་ཀྱི་ཁྱད་འཕགས་ལྡན་པའི་ཤོ་རྩེད་ནི་རིག་རྩེད་ཀྱི་ཁོངས་གཏོགས་ཞིག་ཡིན་ཞིང་།རོལ་རྩེད་གཞན་དང་མི་འདྲ་བར་རྒྱལ་ཕམ་རྩོད་པའི་རྙོག་འཛིང་གི་རོལ་རྩེད་ཞིག་ཡིན་པའི་གནད་གཙོ་བོ་ནི་རྒྱུ་ངོ་དང་པོར་འཛིན་པའི་རོལ་རྩེད་ཞིག་ཡིན།དེ་ལ་ཤོ་རྒྱག་རྒྱལ་འཇོག་ཟེར།
སྤྱིར་བོད་རིགས་ཀྱི་ཤོ་ཆས་ནི་ཤོ་རྡེའུ་ཡིན།ཤོ་རྡེའུ་ལ་སྣ་རིགས་དྲུག་ཚང་དགོས། བ་སོ་སོགས་ལས་བཟོས་པའི་དབྱིབས་གྲུ་བཞི་ཡིན།ཆ་སྙོམས་ཡིན་པའི་ངོས་དྲུག་ལ་ཤོ་མིག་ཆུང་ཆུང་གཅིག་ནས་དྲུག་བར་བརྐོས་ཡོད།ཤོ་རྡེའུ་དེ་རྒྱག་བྱེད་དང་དཀྲུག་བྱེད་ལ་ཤིང་སྤུས་ལེགས་ཀྱིས་བཟོས་བའི་མཐིལ་དབུས་ན་བུ་ག་ཆུང་ཆུང་ཞིག་ཡོད་པ་དེར་ཤོ་ཕོར་དང་།ཤོ་རྡེའུ་རྒྱག་སའི་གཞི་གདན་དེར་ཤོ་གདན་ཟེར། དེ་ལྟར་ཤོ་རྡེའུ་དྲུག་ཚང་ན་ཤོ་ཆས་ཆ་ཚང་ཞིག་ལ་བརྩི་བ་ཡིན
ཤོ་རྒྱག་རྒྱལ་འཇོག་ལའང་རྣམ་གྲངས་མང་སྟེ་རྒྱལ་འཇོག་གཉིས་འཛིང་དང་གསུམ་འཛིང་།བཞི་འཛིང་སོགས་འདུག གཉིས་འཛིང་ནི་མི་གཉིས་ཁ་གཏད་དུ་རྩེ་བ་དང་།དེ་ལ་རྐྱང་འཛིང་ཡང་ཟེར།ཤོ་སྔ་དྲོ་འགྱེད་ན་རྒན་པ་རྒྱལ། ཤོ་ཕྱི་དྲོ་འགྱེད་ན་ན་གཞོན་རྒྱལ་ཞེས་བཤད་སྲོལ་ཡོད་པ་དང་།ཤོ་འགོ་འཛུགས་སྐབས་སུ“ཡྰ”ཤོ་འགོ་ལེགས་པར་ང་ཡིས་འཛུགས།འཛུགས་བཟང་ཐོབ་བཟང་ང་ཡིན། ཤོ་མཐའ་མ་རྒྱལ་བ་ང་ཡིས་འཁྱེར་ཞེས་བཤད་སྲོལ་ཡོད།
༢ཤོ་ཡི་ཉེས་དམིགས།
དེང་སང་ས་ཆ་གང་དུའང་ཤོ་བརྒྱབས་ནས་རྒྱུ་ནོར་སྐུགས་ལ་འཇོག་པའི་སྲོལ་ངན་པ་ཞིག་དར་བཞིན་ཡོད་པ་ནི་ཤིན་ཏུ་ནས་ཀྱང་མི་ལེགས་པས་ཚང་མས་ཆེད་དུ་དོ་སྣང་བྱ་དགོས།ཤོ་བརྒྱབ་ནས་ཚོད་མ་ཟིན་པར་རྒྱུ་ནོར་གཞན་ལ་ཤོར་བའམ་ཡང་རྒྱུ་ནོར་ལེན་འདོད་ནས་ཉིན་མཚན་ཀུན་དེ་ལ་གཡེང་བས་ཁྱིམ་གྱི་བྱ་བ་དང་རང་གི་ལས་ཀ་ཤོར་བ་གང་མང་ཞིག་ཡོད་ལ་མང་བོ་ཞིག་གིས་རང་གི་རྒྱུ་ནོར་དག་ཉི་མ་གཅིག་ལ་ཤོར་ནས་ཕྱིར་ཡུལ་དུ་འགྲོ་ཐབས་མ་བྱུང་བས་བྱ་བ་ངན་པ་སྣ་ཚོགས་བྱེད་པ་དང་ལ་ལ་ཞིག་གིས་ཚོད་མ་ཟིན་པར་རང་གི་རྒྱུ་ནོར་ཁང་ཁྱིམ་སོགས་ཡོད་ཚད་སྐུགས་ལ་འཇོག་པར་མ་ཟད་ཐ་ན་རང་གི་ཆུང་མ་དང་བྱིས་པ་སོགས་ཀྱང་སྐུགས་ལ་འཇོག་བཞིན་ཡོད།
ཤོ་རྒྱག་པ་འདི་ནི་སྙིང་ལ་བདུད་ཞུགས་པ་ཡིན་པས་མཇུག་འབྲས་བཟང་བོ་ཞིག་གཏན་ནས་འབྱུང་མི་སྲིད།དེ་བས་ཤོ་རྒྱག་མཁན་དག་རྗེས་སུ་ལྕེབས་པའམ་བཙོན་དུ་འགྲོ་བ་གཞན་གྱིས་གསོད་པ་སོགས་མང་དུ་འབྱུང་གིན་ཡོད།ངན་པ་ཐ་ཤལ་གྱི་ལས་འདི་བདུད་ཀྱི་ཆོ་འཕྲུལ་ཡིན་པས་བོད་མིའི་ཁྲོད་དུ་འདི་ལ་འཇུག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ་ད་ལྟ་གྲྭ་བ་འགའ་རེས་ཀྱང་ཤོ་རྒྱག་གིན་ཡོད།འདི་ནི་གཏན་ནས་མི་རུང་སྟེ་སྟོན་པ་བཅོམ་ལྡན་འདས་ཀྱིས་གྲྭ་བས་ཤོ་རྒྱག་པ་ལ་བལྟས་ཀྱང་མི་ཆོག་པའི་བཅས་པ་མཛད།དེ་ནི་བལྟས་ནའང་ཉེས་པ་ཤིན་ཏུ་ཆེ་བའི་རྒྱུ་མཚན་གྱིས་ཡིན།
༣ ཤོ་བཤད།
དིང་རི་སྐྱིད་པོའི་གཞོངས་གཞོངས་ན། རྩ་སྐོར་བུ་མོ་གླུ་སྒྲ་ཤང་ཤང་རེད།
དིང་རི་སྐྱིད་པོ་མི་འདུག །ཚོ་ལྔ་དཔོན་པོའི་འོག་རེད།
ཐིག་རྒྱག་སར་གྲིའུ་མ་ཕྱིན་ན། ང་ལྷམ་བཟོ་བའི་ཕྲུ་གུ་ཡིན་མདོག་མེད།
ཐིགས་པ་མི་རྒྱག་དགུ་རྒྱག རྒན་མོའི་སློག་ཧྲུལ་སྒང་ལ་ཐིགས་ཐིགས།
སྡིག་པའི་ཕྲུ་ཆུང་བརྒྱབ་ལ་འཁུར། ཁ་ནས་ཨོཾ་བཟང་མ་ཎི་འདྲེན།
རི་སྡིངས་སྡིངས་གླ་བ་ཉལ་ས་རེད། གླ་བ་ཉལ་ཐག་རིང་ན་འཆི་ལེ་རེད།
རི་ལུག་པ་ཐག་པས་མི་ཐུམ། གྱང་འགྱེལ་བ་ཡོག་ཤིང་གིས་མི་བསྲོང་།
རི་རྒྱས་གླིང་གི་རྩ་ཁ་འདི་ཀོ། བྲག་ཕུག་གླིང་ན་ཡོད་རོགས་བྱས་ན།
རི་ཁ་ཐམས་ཅད་སྨུག་པས་བསྒྲིབ། དེང་སང་རྐྱང་ལ་ཕ་ཡུལ་མི་འདུག
རིན་རྡོར་ཆང་གིས་བཟི་ནས། སྐྱུག་པའི་འདམ་ལ་ཤོར་འདུག།
རིམ་པ་ཕེབས་པས་ཡག་བྱུང་། ཞུ་རྒྱུ་མེད་པས་བསླུས་སོང་།
ལུག་ཐོང་པ་མི་གསོད་ཀ་མེད་རེད། དཔོན་སྒྲ་ཆེན་གསོལ་ཚིགས་རྫོགས་ལེ་རེད།
ལྷུག་ལུང་གང་ལ། མཛེས་པ་བུ་མོ་ཕུར་སྒྲོན།
གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཟེར་བའི།།མི་དེ་ལ་སྤྲང་པོའི་གཡའ་ཞིག་འདུག།
ཤ་དུག་འཁེལ་བའི་རྐུབ་ལ་ལྟོས། སྡུག་རྐུབ་དམར་ཁྲ་འཁྱིལ་ལེ་རེད།
ཤ་ཁུ་དྲོན་མོ་ཁྱི་ལ་སྟེར། ཁྱི་རྒན་རྒྱགས་པ་དེ་ནས་བྱུང་།
ཤབ་ཆུ་ལ་བརྒལ་ན་བརྒལ་མཉམ་དང་། དགེ་སྡིངས་ཟམ་པ་བསྐོར་ན་བསྐོར་མཉམ་རེད།
ཤོབ་ཤོབ་ལྕང་མའི་དཀྱིལ་ལ། རི་བོང་སྦྲང་སེ་རྒྱག་གིས།
ཤ་རི་དྲུག་གསུམ་ལ་མ་འཁེལ་ན།། ཤོ་པའི་ལག་པ་སྟ་གྲིས་གཅོད།
ཤ་སྤགས་ལ་བཟའ་རེས་དང་།ཇ་ཆང་ལ་འཐུང་རེས།
ཤ་འཇམ་ལུས་པོ་འདྲེས་སོང་། སྙིང་སྡུག་ག་ལེར་བཞུགས་ཤིག།
ཤོབ་ཐལ་མ་ཤོད་གཞོན་པ་ཚོ། ང་ཡང་ཤོ་པའི་གྲལ་ཡ་ཡིན།
ཤར་རིའི་ལོགས་ན་གནའ་ཞིག་འདུག ། འདི་འབེབ་ལ་ཨ་ཕོ་སུ་བཟང་།
ཤྭ་ཕྲུག་ཡ་གིའི་ངུ་ལུགས་ལ་བལྟས་ན། ལས་ངན་པའི་ཁྱི་ར་བ་ཞིག་ཡོད་པ་འདྲ།
དགུ་ཐུག་འཐུང་ནས་ན་ཡང་ན། དགུ་ཐུག་འཐུང་ནས་ཤི་ཡང་ཤི།
དགུན་སྟོད་གཅིག་ལ་དབྱར་ལོ་གཉིས། བྱ་རྒོད་པོའི་ལོ་གསར་ག་དུས་རེད།
དགོན་པ་ཡ་གིའི་ཉམས་བཟང་ལ། ཨ་ནི་མེད་པས་སྐྱོ་ཤས་ལ།
དགུ་ཟུར་གྱི་སྒོ་རྩ་ཡ་ན། མི་སྒུར་བ་ཞིག་ལྟག་པ་གྱེ་ལེར་བསྡད་འདུག།
སྒུར་བ་མ་སྒུར་རང་སྒུར་རེད། ཟེ་སྒུར་བུ་མོའི་མཛེས་ཆ་ཡིན།
སྒོ་ལྕགས་སྐྱོན་པ་མ་གནང་། ནང་ན་ཡབ་ཡུམ་བཞུགས་འདུག
དགུ་རི་རི་ལ་དར་ལྕོག་བཙུགས། བྱིས་པ་རླུང་རྟ་དར་བའི་དར་ཤིང་ཡིན།
དགུ་ཆུ་བྲག་དཀར་གྱི་མདོ་ན། འབྲི་ཨ་ཅེ་བཟང་མོ་ཁ་འདར་འཛར་འཛར།
དགུ་ཚིགས་སྐྱ་མོ་གནམ་གྱི་སྐེ་རགས་ཡིན། གནམ་ལ་སྐེ་རགས་མེད་ན་འབུ་ལུག་ལུག
ཆུ་འཇམ་པ་ཞིག་ལ་སྐྲ་བཀྲུས། དེ་ལ་ཆུ་འཇམ་སྐྲ་བཀྲུས་ཟེར།
བཅོ་བརྒྱད་ལོ་ལ་དམག་ལ་ཕྱིན། དམག་འབུམ་ཚོ་གཅིག་གི་འགན་ལེན་ཞུས།
ཕྱུ་པ་དཀར་པོ་ཨ་མས་གཡོགས། མིང་ལ་སྐྱ་རིལ་ཨ་མས་བཏགས།
ཕྱུག་པོ་གཞུང་ལ་ཕྱུག་རྒྱུ་མེད། དེ་ལས་ཉ་རི་མགར་ཚང་ཕྱུག
ཐོ་རེངས་སོང་དང་ཐོ་རེངས་སོང་། ཐོ་རེངས་གླང་ཆེན་སྨྱོན་པ་སོང་།
འཇང་སྟོད་གཞུང་ལ་ཀོ་བ་བཏང་། ཀོ་བ་བཏང་བས་མ་ཚད་གྲུ་བཏང་།
ཁ་རྒྱས་ཞལ་བཟོ་འཕེར་བ་མ་གཏོགས། སྦུག་ཡུལ་ཨ་མ་མ་དྲན་པ་མེད།
ཁ་ཐུག་ལ་ཕྱིན་ན་རྟ་ལས་བོང་བུ་མགྱོགས།
ཁ་སིང་གཟིམ་ཆུང་ཤར་དུ། བཀལ་མོལ་གང་འདྲ་གནང་ངམ།
བསྐོས་པ་རང་གི་ས་ཆ་ལ། གྲོ་མ་མ་བཀོག་སུས་ཟེར་རམ།
ཀོ་བྱ་ཕོ་ཡོས་སྒྲུག ཡོས་མེད་ན་སྐྱག་པ་གཏོར།
ཁབ་ཟུར་སྤོ་བོ་རྒས་དོགས་མེད། རྒས་ནས་གྲུང་རིག་འཐོར་དོགས་མེད།
ཁམས་པ་ཞིག་དང་གྲོགས་པོ་བྱས་པས། མིང་ལ་ཨ་རོགས་ཨ་རོགས་ཟེར་བོས་བྱུང་།
ཁམས་ཕྲུག་བུ་ཚ་ཆོས་ལ་བཏང་། མིང་ལ་རྗེ་བཙུན་བསྟན་འཕེལ་བཏགས།
སེམས་པ་སེམས་པ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་པ་ལ་ཕྱག་འཚལ་ལོ།
སེར་ཤ་སྤང་ལ་སྐྱེས་པ་གཡང་དཔོན་ལགས་རང་མཆོད་རོགས།
བྲག་རིའི་ལོགས་ཀྱི་ཆོ་ལོ་གཡང་གཡོག་བདག་གིས་ཞུས་ཆོག།
གསེར་གདུབ་གཅིག་གི་གྱོད་ལ། མཛུབ་གུའི་ལོགས་ནས་བུད་ཀྱིས།
གསིང་མ་ཨ་ཟིང་སྦ་ཟིང་རེད། མེ་ཏོག་ཁྲ་ཆིལ་དགུ་ཆིལ་རེད།
སི་ལིང་ཆང་འཐུང་རྒྱག་གིས། གནས་མོ་རྒྱལ་ལ་འབུངས་འདུག།
སྲིད་ཇུས་ལས་བརྒལ་ནའང་བརྒལ། ཡང་ཇུས་ལས་བརྒལ་ནའང་བརྒལ།
ཙི་གུ་འཚིག་པའི་ཟ་ཤས་ལ། ནལ་བུ་སྤོར་ཁའི་བདེ་ཤས་ལ།
ཟིན་རྒྱུ་མང་པོ་ཟིན་མྱོང་ཡང་། ཙི་ཙིའི་ཕྲུ་གུ་ཟིན་མ་མྱོང་།
ཚེ་རིལ་བཟའ་ན་དབང་གྲལ་ལ་ཤོག། བག་ཐུག་བཟའ་ན་བཞུགས་གྲལ་ལ་ཤོག།
ཚེ་རིང་གཡོག་པོའི་དཀྱིལ་ནས་དྲག་ཤོས་རེད། ཁོ་ཡང་སང་འགྲོ་གནངས་འགྲོ་རེད།
ཚེས་གསུམ་ལྷ་མོ་མཛེས་པོ་རེད། ཉལ་ས་ཤིག་གིས་ཟ་པོ་རེད།
ཚེས་གསུམ་ལ་སྐྱེས་པའི་ཨ་མའི་གནམ་གང་བུ་ཁྲིད།
ས་དྲུག་གསུམ་རྒོད་པོ་ཉལ་ས་རེད། རྒོད་པོ་ཉལ་ཐག་རིང་ན་འཆི་ལེ་རེད།།
འཛོར་དགེ་བཤེས་རྟ་ཡིས་གཡུགས། བབ་མི་དགོས་ཁེ་བཟང་རེད།
ཟོམ་པ་ཨེ་ཤེས་ཟེར་གྱིས། ཞབས་ཟོན་ཨེ་ཤེས་ཟེར་གྱིས།
བསམ་གྲུབ་ལགས་ལ་གཟིམ་ཆས་ཉུང་དྲགས་ནས་འཛེར་འཛེར་དང་འུར་འུར་གྱིས་བརྒྱངས་འདུག།
ས་བཅུའི་དབྱིངས་སུ་བཞུགས་པའི་དམ་ཅན་ཆོས་དབྱིངས་རྡོ་རྗེ། མཛོས་བརྡུང་ན་གླང་ངུ་ཤོར།
ཕག་རི་ལོ་གསར་སྐྱིད་དྲགས་པས། ནང་ལ་ལོག་རྒྱུ་བརྗེད།
ཧྲག་སེ་པ་རས་མ་ལངས་ན། ནམ་ཞག་རྒྱུན་དུ་པ་རས་གང་བྱེད།།
དཔག་བསམ་ཤིང་ལ་འཛེག་རྒྱུ་བྱུང་ན། གོས་ཆེན་ལྤགས་ཚར་རལ་ཡང་རལ།