བསམ་བློ་ཡག་པོ་གཏོང་དགོས།
བདག་བོད་ཕྲུག་ཉམས་ཆུང་ནུས་མེད་ཅིག་གིས་གཏམ་འདི་འདྲ་ཞིག་བཤད་ཚེ། ཁག་ཅིག་ཁོང་དགོད་ཤོར་ལ། ཁག་ཅིག་ཚིག་པ་ཟ་ཞིང་། ཁག་ཅིག་གིས་ཁྲེལ་བགད་བྱེད་པའི་རྒྱུ་ལས་མ་འདས། ཡིན་ཀྱང་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཤེས་བྱར་དེ་ཙམ་མཐོང་མི་བྱེད་ལ་གཞན་མི་རིགས་ཀྱི་གོམས་གཤིས་དང་གཞན་སྐད་སྦྱོང་རྒྱུར་དགའ་བའི་དུས་འདིར། ང་དང་ཁྱེད། ཁོ་ཚོ་ཚང་མས་འཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་བོད་ཀྱི་སྐད་དང་ཡི་གེར་བདག་འཛིན་མཐའ་འཁྱོངས་པོ་ཞིག་ཅི་ནས་ཀྱང་གནང་དགོས། ཀྲའུ་ཨེན་ལེས"མི་རིགས་ཤིག་ཡར་རྒྱས་སུ་འགྲོ་དགོས་ན། དང་ཐོག་མར་མི་རིགས་དེའི་ཤེས་བྱ་རིག་གནས་ལ་བརྟེན་དགོས"གསུངས་པ་མ་ཡིན་ནམ། ད་ལྟ་སྲིད་གཞུང་ནས་བོད་ཀྱི་གནས་འབབ་གང་ཅིའི་ཐོག་ལ་ཐུགས་ཁུར་ག་ཚོད་གནང་བ་མིག་མཐོང་ལག་ཟིན་ཡིན་པས་མི་ཚད། ལྷག་དོན་བོད་ཀྱི་ཤེས་བྱ་རིག་གནས་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་མི་འདུག་གམ། ཡིན་ཀྱང་། རང་རིགས་མཁས་རློམ་ཀླད་མེད་ཚོས་རང་སྐད་དོར་ནས་གཞན་སྐད་སྤྱོད་པ་མ་ཟད། སྐད་ར་མ་ལུག་གང་སར་འཁྱམས་ནས་རང་སྐད་རྙོགས་མ་ཅན་དུ་འགྱུར་བའི་ཆ་རྐྱེན་བསྐྲུན་དང་སྐྲུན་བཞིན་འདུག
མཁས་དབང་དམུ་དགེ་བསམ་གཏན་གྱིས"ང་ཚོ་བོད་རང་ལ་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་ཤིག་ཡོད་པ་འདི་སྐུ་དྲིན་ཅན་སྲོང་བཙན་དང་བཀའ་དྲིན་ཅན་གྱི་སམ་བྷོ་ཊ་གཉིས་ནས་བཟུང་། རང་གི་བླ་མའི་བར་གྱི་མཁས་དབང་རྣམས་ཀྱི་དྲིན་རེད་བསམ་ཡོད། རིག་གནས་འདི་ལྟ་བུ་ཞིག་མེད་ན་མི་རིགས་ཁག་ཅིག་ལྟར་རིག་གནས་ཀྱི་རྗེས་ལུས་ཐ་ཆད་དུ་འགྱུར་བ་དང་། ཡང་ན་མི་རིགས་ཀྱི་མིང་ཙམ་ལས་ལྷག་མེད་རྒྱུ་རེད་སྙམ" གསུངས་པ་ཅིས་མི་བདེན། ད་ཆ་འཛམ་གླིང་ཐོག་ཏུ་མི་རིགས་མང་པོ་ཞིག་ཉམས་སོང་བའི་ལོ་རྒྱུས་ཡོད་པ་མ་ཡིན་ནམ། རང་རྒྱལ་དུའང་ཡོད་པའི་མི་རིགས་འགའ་རེར་སོ་སོའི་མི་རིགས་ཀྱི་སྐད་དང་ཡི་གེ་ཞིག་ད་ཆ་ཆ་ཚང་བ་ཞིག་སྟོན་རྒྱུ་ཨེ་ཡོད།
དེ་ཚོ་ཚང་མ་ནི་གཞན་སུས་ཀྱང་ནུབ་པ་ཞིག་མ་ཡིན་པར། མི་རིགས་དེ་ག་རང་ཉིད་ཀྱིས་ཡོངས་སུ་ནུབ་པ་ཞིག་རེད་ཅེས་བཤད་ན་ཆོག རང་རེ་བོད་རིགས་ནི་འཛམ་གླིང་གི་རྩེ་མོ་འདིར་གནས་པ་ནས་བཟུང་། རི་བོ་ཇོ་རི་རང་གི་བླ་རིར་གྱུར་བ་ནས་བཟུང་། གངས་རིའི་མཚོ་ཆེན་བཞི་རང་གི་བླ་མཚོར་གྱུར་པ་ནས་བཟུང་། གངས་ཅན་ལྗོངས་འདི་རང་གི་ཕ་ཡུལ་དུ་ངོས་འཛིན་བྱས་པ་ནས་བཟུང་། རང་གི་ལོ་རྒྱུས་འདི་ནས་མགོ་བརྩམས་ཞིང་། རང་གི་མི་རིགས་ཀྱི་སྐད་དང་མཐུན་པའི་བརྡ་སྤྲོད་འདི་ཉིད་བརྩམས། དངོས་གནས་འཛམ་གླིང་གི་དབུ་རྩེ་ན་གནོང་མི་དགོས་པའི་མི་རིགས་ཤིག་ནམ་ཡང་བཅོ་ལྔའི་དུང་ཟླ་བཞིན་ཁྲ་ལྷམ་མེར་མཁའ་དབྱིས་སུ་རབ་ཏུ་འཚེར།
ཡིན་ཀྱང་། ང་ཚོ་ནི་རང་སྐད་དོར་ནས་གཞན་སྐད་སྤྱོད་རྒྱུར་དགའ་བའི་ཨ་གསར་ཆེ་བའི་མི་རིགས་ཤིག་ཡིན་པ་ནི་སྨྱོན་དུ་མེད། ལྟོས་དང་ཚོགས་འདུ་ཆེ་ཆུང་ཁག་ནང་དུ། མི་དང་མིའི་དབར་གཏམ་གླེང་གི་ཁྲོད་དུ། ཁ་པར་དང་ཁ་པར་གྱི་ནང་དུ། ཚང་མ་སྤྱོད་བཞིན་པ་ནི་མི་རིགས་གཞན་གྱི་སྐད་འདྲེས་ནས་བརྒྱབ་བཞིན་པ་ཁོ་ན་རེད་འདུག ད་དུང་སྐད་གཉིས་འདྲེས་པའི་སྐད་ཆ་བཤད་ན་རང་ཉིད་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཡིན་པའི་ཉམས་སྟོན་གྱི་འདུག
མ་གཞི་མི་རིགས་ཕན་ཚུན་དོན་དག་ཅི་རུང་ཞིག་ལ་འབྲེལ་གཏུགས་བྱེད་སྐབས་སུ་མི་རིགས་གཞན་དེའི་སྐད་ཆ་དང་ཡི་གེ་བེད་སྤྱོད་བྱ་རྒྱུ་ནི་གལ་ཆེའི་དགོས་མཁོ་ཡིན་པ་ལོས་ཡིན། འོན་ཀྱང་དགོས་པ་གང་ཡང་མེད་པར་རང་མི་རིགས་ཀྱི་ཆ་ཚང་ལ་ཕུན་སུམ་ཚོགས་པའི་སྐད་དང་ཡི་གེ་འདི་བེད་སྤྱོད་མ་བཏང་བར་གཞན་གྱི་སྐད་ཡིག་བེད་སྤྱོད་བྱེད་པ་ནི་ཐབས་རྡུག་ཞིག་རེད་སྙམ་གྱི་འདུག
ཁ་དཔེ་ལ། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་རག་དུས། སྙིང་རླུང་སྟོད་ལ་ལངས་བྱུང་། ཟེར་བ་ནང་བཞིན་རེད།
དེར་བརྟེན་མི་རིགས་ཤིག་གིས་ལས་དབང་ནི་མི་ཚང་མར་འགན་འཁྲི་ཡོད་པས་གནའ་གཏམ་ལ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཅེས་པ་ལྟར་སྨྱོན་པས་སྨྱོ་ལབ་བརྡུང་གིས་མ་བསམ་པར་ཚང་མས་དེའི་ཆེད་དུ་བསམ་བློ་ཡག་པོ་གཏོང་དགོས།
_____ཆུ་ཐིགས་ཕྲ་མོར་འབོད་པ་ས་སྐྱ་ཚེ་བརྟན་དབང་གྲགས་ཀྱིས། དགོང་མོ་རང་ཤག་ཏུ་བྲིས།