当前位置: 首页 > 通知公告 > ལྕང་ལོ།

ལྕང་ལོ།

2020年07月14日 11:01:05 访问量:107

 ཚེ་རྡོར་ད་ལོ་ལོ་ལྔ་ཅུ་ང་གཉིས་ཟིན་ཞིང་། གྲོང་ཚོའི་འགོ་ཁྲིད་བྱས་ཏེ་མི་ལོ་ཧྲིལ་བུ་བཅོ་བརྒྱད་ཏག་ཏག་སོང་ཡོད། ཚེ་རྡོར་ད་ཡོད་གྲོང་ཚོའི་ནང་དུ་སྐྲ་ལ་ལྕང་ལོ་བརྒྱབ་པའི་རྒད་པོ་ལྔ་དྲུག་ཙམ་ཞིག་ཡོད་པ་དེ་དག་གི་ནང་ནས་ལོ་ན་ཆུང་ཤོས་དང་། དབང་ཆ་ཆེ་ཤོས་རེད་ཙམ་མ་ཟད་སྤྱང་གྲུང་དང་འཇོན་ཐང་ཆེ་བས།  གྲོང་མི་ཀུན་གྱིས་ཡིད་སྨོན་འཆོར་ས་ཞིག་ཡིན། ཚེ་རྡོར་ལ་ད་དུང་གཞན་གྱིས་ཡིད་སྨོན་བྱེད་ཡུལ་གཞན་ཞིག་ཡོད་པ་ནི།  ནམ་རྒྱུན་ཚེ་རྡོར་ནས་སྨྲ་ར་རིང་པོ་ཞིག་འཇོག་ཅིང་མཆུ་ཏོའི་གཡས་གཡོན་གྱི་སྨྲ་ར་རྣམས་ཅུང་ནག་ཡང་། སྐྱ་ཕྱེད་སྔོ་ཕྱེད་ལ་གྱུར་བའི་མ་ལེའི་སྟེང་གི་ར་རྒན་གྱི་ཨོག་ཚོམ་འདྲ་བའི་སྨྲ་ར་དེ་རྣམས་ལ་ལྷས་མ་ཕྲ་མོ་ཞིག་སླེ་བས།  ཇི་ལྟར་དུ་བལྟས་ཀྱང་ལྷས་མའི་རྩེ་མོ་ཙི་ཙིའི་མཇུག་མ་དང་འདྲ་ཡང་།  སྐྲ་ཞུག་དམར་པོས་བརྒྱན་པའི་མགོ་བོའི་ལྕང་ལོ་དང་འབྲེལ་ཆགས་པོར་སྣང་།  ཚེ་རྡོར་གྱི་ལུས་སྟེང་དུ་ད་དུང་ཁོའི་མགོ་སྐྲའི་ལྕང་ལོ་དང་འབྲེལ་ཆགས་པའི་དངོས་པོ་གཞན་འགའ་ཡོད་པ་ནི།  རྣ་ལ་བཏགས་པའི་གཡུ་བྱིལ་གྱི་རྣ་རྒྱན་དང་།  ལུས་ཀྱི་སྟོད་སྨད་གཉིས་ལ་གྱོན་པའི་སྣམ་བུའི་གྱོན་གོས།  དེ་བཞིན་སྐེད་པར་བཏགས་པའི་བློ་གྲི་བཅས་རེད།  

       བོད་ཀྱི་ལོ་གསར་དང་ལྷ་གསོལ་ཀླུ་གསོལ་གྱི་སྐབས་སུ་ཚེ་རྡོར་ནས་གྲོང་ཚོའི་ནང་གི་གྲོང་མི་གཞན་དང་འདྲ་བར།  ལུས་ལ་སྣམ་པོ་དཀར་པོའི་ཕྱུ་པ་གསར་པ་ཞིག་དང་།  མགོ་བོར་ཞྭ་མོ་རྒྱ་སེ།  རྐང་པར་ཟོན་པ་ལྷམ་གྱོན་པ་མ་ཟད།  རྣ་བར་གསེར་གྱི་ཨ་ལོང་མི་ཆེ་མི་ཆུང་ཞིག་ཀྱང་བཏགས་པར་བྱེད་པས།  རྒྱན་གོས་ཀྱིས་མཛེས་པའི་ཚེ་རྡོར་ནི་ཉམས་དང་ལྡན་ལ་སྣུམ་ཞག་དོད་པས།  གྲོང་ཚོའི་ནང་གི་མི་མང་པོ་ཞིག་ནས་"ཚེ་རྡོར་ལགས།  ཁྱེད་རང་དངོས་ནས་ཉམས་དོད་པོ་འདུག་"ཅེས་བསྔགས་པར་བྱེད་ཅིང་།  ཚེ་རྡོར་ནས་ཀྱང་རང་ཉིད་དངོས་གནས་ཉམས་དང་ལྡན་པ་ཞིག་ཏུ་ངོས་འཛིན་གྱིས་ཆས་འདི་འདྲ་ཞིག་སྤྲོས་རྒྱུར་ཤིན་ཏུ་དགའ།

ན་ནིང་ལོར་གོང་རིམ་ནས་གྲོང་ཚོའི་འགོ་ཁྲིད་བྱས་ཏེ་ལོ་ཡུན་མང་པོ་སོང་བ་དང་།  རིག་གནས་ཡོད་པ།  ལས་ཀའི་གྲུབ་འབྲས་མངོན་གསལ་དོད་ལ་དམངས་ཀྱི་གདེང་འཇོག་མཐོ་བའི་གྲོང་ཚོའི་འགོ་ཁྲིད་ཁག་ཅིག་རྒྱལ་ཁབ་ཀྱི་ལས་བྱེད་དངོས་ལ་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱས། སྲིད་ཇུས་དེ་ཁྱབ་བསྒྲགས་བྱས་མ་ཐག་གྲོང་ཚོ་ཁག་གི་མང་ཚོགས་ཁྲོད་ཀྱི་གླེང་ཆ་ཆེན་པོ་ཞིག་ལ་གྱུར། ལྷག་པར་དུ་གྲོང་ཚོའི་འགོ་ཁྲིད་ཚོའི་ངོས་ནས་བཤད་ན། དེ་ནི་གསེར་གྱི་བཞུ་དམར་འཁྱེར་ཡང་བརྙེད་དཀའ་བའི་གོ་སྐབས་དང་བྱ་བ་བཟང་པོ་ཞིག་སྟེ། རྒྱལ་ཁབ་ལས་བྱེད་དངོས་ལ་གྱུར་ཚེ་ཟླ་བ་གཅིག་གི་གླ་ཆའང་ད་ལྟའི་གླ་ཆ་ཡི་ལྡབ་བཅུ་གྲངས་མང་པོར་འཕར་རྒྱུ་དང་།    ལས་ཁྱུར་ངལ་གསོ་བྱས་ཀྱང་ནམ་ཞིག་མ་ཤི་བར་གླ་ཆ་ཆད་མེད་དུ་ལེན་རྒྱུ་ཡོད་པས་མ་ཚད།  ཤི་ཡང་རྒྱལ་ཁབ་ནས་འདས་པོའི་ཁྱིམ་ཚང་དེར་ཟླ་བ་མི་ཉུང་བ་ཞིག་གི་གླ་ཕོགས་གནང་གི་ཡོད།  དེ་ཙམ་མ་ཟད་ཞིང་པ་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ཚེ་རང་ཉིད་དང་ཁྱིམ་ཚང་།  དེ་བཞིན་དགའ་ཉེ་སྤུན་མཆེད་ཚང་མའི་ངོ་སོ་ཆེན་པོ་ཞིག་ཡིན་པས།  ཚང་མས་རང་རང་སོ་སོ་གླ་ཕོགས་མཐོ་པོ་ཡོད་པའི་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་རྒྱུའི་རེ་བ་ཆེན་པོ་བྱེད།

དམིགས་ཡུལ་དེ་འདྲ་ཞིག་གི་ཆེད་དུ།  གྲོང་ཚོ་ཁག་གི་འགོ་ཁྲིད་མང་པོ་ཞིག་ཤང་དང་།  རྫོང་།    ཐ་ན་ས་གནས་སོགས་སུ་དཔོན་གནས་ཡོད་པའི་རང་གི་དགའ་ཉེ་སྤུན་མཆེད་དང་།  ངོ་ཤེས།  ཐ་ན་རང་ཉིད་ནས་ཐར་ཀར་ངོ་མི་ཤེས་ཀྱང་བར་མི་བརྒྱུད་དེ་དབང་ཆ་ཆེ་བའི་དཔོན་པོ་འཚོལ་བའི་ཚ་རླབས་ཤིག་མྱུར་དུ་འཕྱུར།

ཚེ་རྡོར་ནི་མི་བློ་རིག་རྒོད་པོ་ཞིག་ཡིན་པས།  ལོ་ཤས་གོང་ནས་ཤང་དང་རྫོང་། དེ་བཞིན་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་མང་པོའི་སར་ཡུལ་གྱི་ཐོན་ཟོག་མི་ཉུང་ཙམ་འཁྱེར་ནས་འབྲེལ་བ་འཛུགས་པ་དང་།  དཀའ་ངལ་ཞུ་རུ་ཐེངས་མང་བཅར་མྱོང་བ་མ་ཟད། ལོ་ལྟར་གྱི་ཆོས་སྐོར་ཏེ་རྟ་རྒྱུག་དུས་ཆེན་གྱི་སྐབས་སུ།  དབུ་ཁྲིད་མང་པོ་གྲོང་ཚོར་གདན་ཞུ་ཡང་ཡང་བྱས་ཏེ་སྣེ་ལེན་གཟབ་རྒྱས་བྱེད་པས།  ནམ་ཞག་རྒྱུན་དུ་གྲོང་ཁྱེར་དང་གྲོང་རྡལ་ནང་དབུ་འཁོར་ནས་བཞུགས་པའི་གོང་བཞུགས་དཔོན་པོ་རྣམས།  དབྱར་དུས་རྩི་ཤིང་མེ་ཏོག་གིས་རྣམ་པར་མཛེས་ཤིང་།  སྤང་གཤོང་བདེ་མོ་གཡུ་ཡི་མེ་ལོང་ལྟ་བུར།  རིན་ཆེན་ནོར་བུའི་ཕྲ་རྒྱན་ལྟར་དུ་མཛེས་ཤིང་ཉམས་དགའ་བའི་ཕྱུགས་རིགས་དཀར་ནག་མང་པོ་བདེ་ལ་འཁོད་པའི་ཞིང་ཁུལ་དུ་སྤྲོ་སྐྱིད་གཏོང་བར་ཕེབས་རྒྱུར་ཤིན་ཏུ་མོས་ཤིང་། ད་དུང་དབུ་ཁྲིད་རྣམས་ཉིན་གང་སྤྲོ་སྐྱིད་ལ་རོལ་ནས་ཕྱིར་ལོག་ཕེབས་དུས་ཀྱང་། ཤ་དང་མར། ཕྱུར་བ་དང་སྒོང་ང་སོགས་ཡུལ་ཟོག་གྱ་ནོམ་པ་ཕུལ་བ་ལས་སྟོང་ལོག་ལ་མི་གཏོང་བས།    ཚེ་རྡོར་དང་རིམ་པ་མི་འདྲ་བའི་དབུ་ཁྲིད་མང་པོའི་བར་འབྲེལ་འདྲིས་ཟབ་མོ་ཡོད་སྟབས།  ད་བར་གྲོང་ཚོ་དེའི་ཆུ་རྫིང་དང་།  ཆུ་ཡུར།  ཟམ་པ།  གཞུང་ལམ་ལ་སོགས་གྲོང་ཚོ་གཞན་ལ་ཡོད་པའི་འཛུགས་བསྐྲུན་རྣམ་གྲངས་ཚང་མ་ཡོད་པ་མ་ཟད། གྲོང་ཚོ་གཞན་ལ་མེད་པའི་རྣམ་གྲངས་ཀྱང་མང་པོ་བྱུང་ཡོད་སྟབས།  གྲོང་ཚོ་གཞན་གྱི་འགོ་ཁྲིད་དང་མང་ཚོགས་ཚོས་མི་འདོད་པའི་ལྐོག་ལབ་ཀྱང་ལྡིར་ལྡིར་དུ་བྱེད། 

གཞན་གྲོང་ཚོ་ཁག་གི་འགྲིམ་འགྲུལ་ཡོ་བྱད་ལག་སྐྱོ་འདུད་འཐེན་འཁོར་ལོར་བསྟེན་དུས།  ཚེ་རྡོར་གྱིས་སྔ་ས་ནས་གོང་རིམ་ལས་ཁུངས་ནས་གནང་བའི་རླངས་འཁོར་ཆེན་པོ་ཞིག་སྐོར་ཏེ་ཡར་འགྲོ་མར་འགྲོ་བྱེད་ཅིང་།    གཞན་གྲོང་ཚོ་ཁག་ནས་རླངས་འཁོར་ཆེན་པོ་སྐོར་བཞིན་ཡར་རྒྱས་ཆེན་པོ་ཡིན་སྙམ་པའི་དགའ་སྣང་དང་བཅས་ཏེ་འགྲོ་དུས།  ཚེ་རྡོ་ནས་གོང་རིམ་ལས་ཁུངས་ཁག་གིས་རྒྱབ་བསྐྱོར་རོགས་རམ་འོག ཉམས་དང་ལྡན་པའི་རླངས་འཁོར་ཆུང་ཆུང་ཞིག་བསྐོར་ཏེ་གྲོང་ཚོ་དང་ཤང་། རྫོང་། ས་གནས་བཅས་ཀྱི་བར་ལ་བྲེལ་བྲེལ་ཚུབ་ཚུབ་ངང་འགྲོ་སྐྱོད་བྱེད་པ་ནི། དབང་ཆ་དང་ལས་བྲེལ་ཆེ་བའི་གོང་རིམ་གྱི་དཔོན་ཆེན་ཞིག་དང་མཚུངས།   

དེ་ཙམ་མ་ཟད་ཚེ་རྡོར་གྱིས་འགྲོ་རྒྱུག་འཕེར་ཙམ་གྱིས་བོད་ཡིག་ཤེས་པའི་ཐོག ལས་ཀའི་གྲུབ་འབྲས་ཆེ་ལ་མང་ཚོགས་དང་གོང་རིམ་དབུ་ཁྲིད་ཀྱི་གདེང་འཇོག་མཐོན་པོ་ཡོད་པས། ཚེ་རྡོར་རྫོང་དེའི་གྲོང་ཚོའི་འགོ་ཁྲིད་ཀྱི་ཁྲོད་ནས་གཞུང་གི་ལས་བྱེད་དང་པོའི་གྲས་སུ་ཚུད།  

གྲོང་ཚོ་གཞན་གྱི་འགོ་ཁྲིད་མང་པོ་ཞིག་ནས་ཡུན་རིང་ནང་རང་ཉིད་ལས་བྱེད་པའི་གྲས་སུ་ཚུད་མིན་ཐད་དོག་སློང་དང་སེམས་ཁྲལ་ཆེ་ཞིང་། ཐ་ན་ཟས་སྡོད་མི་བདེ་བའི་གན་སུ་གྱུར་མོད། ཚེ་རྡོར་ནས་ཁོ་རང་ལས་བྱེད་པའི་གྲས་སུ་ཚུད་མིན་ཐད་སེམས་ཁྲལ་དེ་ཙམ་བྱེད་མ་མྱོང་སྟེ།  ཁོ་རང་དང་འབྲེལ་འདྲིས་ཟབ་ལ་ལག་གི་དབང་ཆ་ཆེ་བའི་དབང་ཆེན་དཔོན་པོ་མི་ཉུང་བ་ཞིག་ནས། ཁོ་ལ་སེམས་ཁྲལ་མི་དགོས་པའི་གོ་བརྡ་གནང་བ་མ་ཟད།    ཁོང་རྣམ་པ་བརྒྱུད་དེ་ལས་བྱེད་འདེམས་བསྐོའི་ཐད་ཀྱི་གནས་ཚུལ་མང་པོ་དུས་ཐོག་ཏུ་ཤེས་ཐུབ་པས་ལོས་ཡིན།

དེ་ནས་མི་རིང་བའི་ཉིན་ཞིག།  གོང་རིམ་གྱིས་བརྡ་ཐོ་གཞིར་བཟུང་ཚེ་རྡོར་དང་བཅས་གྲོང་ཚོ་ཁག་གི་འགོ་ཁྲིད་རྣམས་རྫོང་ཐོག་ཏུ་ཚོགས་འདུར་སོང་། དེ་ཉིན་གྱི་ཚོགས་འདུའི་ཐོག་ཤང་ཁག་གི་ཧྲུའུ་ཅི་དང་།    གྲོང་ཚོ་ཁག་གི་འགོ་ཁྲིད་ལས་མེད་ཀྱང་།  རྫོང་རྩ་འཛུགས་པུའི་པུ་ཀྲང་ཙམ་མ་ཟད་རྫོང་ཨུད་ཀྱི་ཧྲུའུ་ཅི་བསོད་རྒྱལ་ཡང་ཕེབས་འདུག  ཚོགས་འདུའི་ཐོག་ད་རེས་གྲོང་ཚོ་ཁག་གི་འགོ་ཁྲིད་ཁྲོད་ནས་རྒྱལ་ཁབ་ཀྱི་ལས་བྱེད་གྲས་སུ་ཚུད་པའི་མི་སྣ་དེ་དག་གི་མིང་ཐོ་ཁྱབ་བསྒྲགས་དང་སྦྲགས། བཀྲ་ཤིས་རྟེན་བྲེལ་མཚོན་པའི་དཀར་གཙང་གི་མཇལ་དར་ཡང་བསྒྲོན་པས།  དེའི་ནང་ཚེ་རྡོར་ཡོད་པ་ནི་སྨྲོས་མེད་རེད།  

 ཚོགས་འདུའི་ཐོག་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྩ་འཛུགས་པུའི་པུ་ཀྲང་ཕྱོགས་སོ་སོ་ནས་གལ་ཆེའི་གསུང་བཤད་གནང་།  གསུང་བཤད་ཀྱི་ནང་དོན་གཙོ་བོ་ནི་ད་རེས་གྲོང་ཚོའི་ནང་ནས་འགོ་ཁྲིད་ཁག་ཅིག་རྒྱལ་ཁབ་ལས་བྱེད་དངོས་ལ་བསྒྱུར་བའི་སྲིད་ཇུས་འདི་བཞིན།  ཏང་དང་རྒྱལ་ཁབ་ནས་གཞི་རིམ་ལས་བྱེད་པ་སྟེ།གྲོང་ཚོའི་འགོ་ཁྲིད་ཁག་ལ་གནང་བའི་ཐུགས་ཁུར་དང་གཟིགས་སྐྱོང་བླ་ན་མེད་པ་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་མ་བརྗེད་པ་བྱས་ཏེ།  ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་དགོས་པ་དང་།    ད་རེས་ཀྱི་རྒྱལ་ཁབ་ལས་བྱེད་ནང་ཚུད་པའི་མི་སྣ་དེ་དག་ནི་གྲོང་ཚོ་ཁག་གི་འགོ་ཁྲིད་ཁྲོད་ཀྱི་དཔེ་སྟོན་མི་སྣ་ཡིན་ཞིང་།  ཁོང་ཚོའི་ལས་དོན་དང་ཀུན་སྤྱོད་སོགས་ཕྱོགས་གང་སར་འབྲེལ་ཡོད་ལས་ཁུངས་ནས་ཡུན་རིང་ཉམས་ཞིབ་བྱས་པ་ཞིག་དང་། དེ་ལྟའི་ལས་དོན་ནི་དྲང་གཞག་དང་།  འདྲ་མཉམ། ཡོངས་བསྒྲགས་བཅས་ཡིན་ཚུལ།    རྗེས་སྲོལ་རྒྱལ་ཁབ་ནས་དེ་དང་དེ་འདྲའི་སྲིད་ཇུས་མུ་མཐུད་ལག་བསྟར་གནང་རྒྱུ་ཡིན་པས། གྲོང་ཚོའི་འགོ་ཁྲིད་གཞན་ཚོས་ད་རེས་རྒྱལ་ཁབ་ལས་བྱེད་པར་བསྒྱུར་བའི་གྲོང་ཚོ་ཁག་གི་དབུ་ཁྲིད་དེ་རྣམས་མིག་དཔེར་འཛིན་ཏེ།    ལྷག་བསམ་རྣམ་དག་གིས་ཏང་གི་བཀའ་ལ་ཉན་པ་དང་། ལྷ་བསམ་རྣམ་དག་གིས་མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། གང་མགྱོགས་རྒྱལ་ཁབ་ལས་བྱེ་པར་བསྒྱུར་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་པ་དེ་ཡིན།

ཚོགས་འདུ་གྲོལ་རྗེས་རྫོང་ཏང་ཨུད་དང་སྲིད་གཞུང་ནས་རྒྱལ་ཁབ་ལས་བྱེད་ནང་ཚུད་པའི་གྲོང་ཚོ་ཁག་གི་འགོ་ཁྲིད་རྣམ་པར་སྟབས་བདེའི་གསོལ་སྟོན་ཞིག་བཤམས།  གསོལ་སྟོན་ཐོག་ཚེ་རྡོར་ནས་ཡར་ལངས་ཏེ་རྫོང་ཨུད་ཀྱི་ཧྲུའུ་ཅི་བསོད་རྒྱལ་དང་།  རྩ་འཛུགས་པུའི་པུ་ཀྲང་སོགས་ལ་མཆོད་ཆང་བཀྱག་སྟེ་ཐུགས་རྗེ་བཀའ་དྲིན་ཞུས།  དེ་དུས་ཧྲུའུ་ཅི་བསོད་རྒྱལ་ནས་ཚེ་རྡོར་གྱི་དཔུང་པར་ཅག་ཅག་བྱས་ཏེ་"ཚེ་རྡོར།  ད་རེས་ཁྱེད་རང་ཞིང་པ་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པར་བསྒྱུར་ཐུབ་པ་ནི་གྲོང་ཚོ་སྤྱི་དང་ཁྱིམ་ཚང་།  དེ་བཞིན་ཁྱེད་རང་མི་སྒེར་སོགས་ཕྱོགས་ཚང་མའི་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་མ་ཟད། ཁྱེད་རང་གི་མི་ཚེའི་གནད་དོན་ཆེན་པོ་ཞིག་ཀྱང་ཐག་གཅོད་ཐུབ་པ་ནི། ཏང་དང་རྒྱལ་ཁབ་ཀྱི་བླ་ན་མེད་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས།    དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་མ་བརྗེད་པར། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་དང་།  གྲོང་ཚོ་སྔར་བས་འཕེལ་རྒྱས་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱ་དགོས་"ཞེས་བཀའ་སློབ་དང་སྐུལ་ལྕག་གནང་བ་དང་ཕྱོགས་མཚུངས།  མཐོང་མྱོང་མེད་པའི་ཡ་མཚན་ཅན་གྱི་སྐྱེ་བོ་གང་ཞིག་མཐོང་བ་ལྟར།  ཚེ་རྡོར་གྱི་མགོ་ནས་རྐང་པ་བར་ལ་ཞིབ་བལྟ་ཞིག་བྱས་ཏེ་"ལྟོས་དང་ལྟོས་དང་།ཚེ་རྡོར། ད་ནི་ཁྱེད་རང་སྔར་དང་མི་འདྲ་བར་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པས།  ད་དུང་ཆ་ལུགས་འདི་འདྲ་ཞིག་སྤྲད་ན་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་དང་འདྲ་པོ་འདུག་གམ།  ལྟོས་དང་སྐྲ་གཞུག་དམར་པོས་བརྒྱན་པའི་ལྕང་ལོ་འདི་འདྲ་ཞིག་མགོ་བོར་དཀྲིས་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་རེད་ཟེར་ན་སུས་ཡིད་ཆེས་བྱེད་སྲིད།  གཞན་གྱི་སེམས་པར་ཁྱེད་རང་རྙིང་ཟོག་ཉོ་འཚོང་བྱེད་མཁན་གྱི་ཁམས་པའི་ཚོང་པ་ཞིག་རེད་བསམས་རྒྱུ་རེད་"ཅེས་གད་མོ་ཆེན་པོ་ཞིག་བགད་རྗེས།  དེ་ནས་ཡང་ཁོའི་དཔུང་པར་ཅག་ཅག་བྱས་ཏེ་ "ཨ་ལ་སྐུ་རྩེད་ཡིན་དའ།  རང་མི་རིགས་ཀྱི་ཆ་ལུགས་སྤྲད་མི་མཆོག་ཅེས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གང་གི་ནང་དུའང་མེད་པས་ཁྱེད་རང་གི་གང་དགའ་གང་ལེགས་གནང་ཞིག་"ཟེར།

གསོལ་སྟོན་ཐོག་གཤམ་འོག་ལས་བྱེད་ནས་དབུ་ཁྲིད་དང་།  དབུ་ཁྲིད་ཕན་ཚུན་བར། དེ་བཞིན་དབུ་ཁྲིད་ནས་ལས་བྱེད་ནང་ཚུད་པའི་གྲོང་ཚོ་ཁག་གི་འགོ་ཁྲིད་སོགས་ཕན་ཚུན་དབར་བཀྲ་ཤིས་སྨོན་འདུན་དང་བཅས་མཆོད་ཆང་བཀྱག་རེས་བྱས་ཏེ།  ཁྲུག་ཆ་ཤིན་ཏུ་དོད་པའི་རྣམ་པ་ཞིག་མངོན་ཡང་། ཚེ་རྡོར་ནས་བསོད་རྒྱལ་ཧྲུའུ་ཅིས་ཁོ་རང་ལ་བཤད་པའི་གཏམ་དེར་བསམ་གཞིགས་ཡང་ཡང་གིས་བློ་སེམས་ཧ་ཅང་མི་བདེ་བར་གནས།

དགོང་དྲོ་རང་ཁྱིམ་ལ་འབྱོར་རྗེས་ཚེ་རྡོར་ཅུང་བཟི་ཡོད་ཀྱང་།  ཉིན་མོ་ཧྲུའུ་ཅིས་གསུངས་པའི་གཏམ་དེ་ཁོའི་སེམས་ནང་སྔར་བཞིན་གསལ་ལྷང་ངེར་ཡོད་པས།  ཚེ་རྡོར་ནས་མུ་མཐུད་དེ་ཧྲུའུ་ཅིའི་གཏམ་དེར་བསམ་གཞིགས་ཡང་ཡང་བྱས་ཀྱང་། ཡང་སྙིང་ཧྲུའུ་ཅིས་སྔོན་ལ་གསུངས་པའི་"རང་གི་ཆ་ལུགས་འདི་དག་དང་། ལྷག་པར་དུ་སྐྲ་གཞུག་དམར་པོས་བརྒྱན་པའི་ལྕང་ལོ་འདི་ལ་བལྟས་ན། རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་འདྲ་པོ་འདུག་གས།  ངས་བལྟས་ན་ཁྱེད་རང་ནི་རྙིང་ཚོང་རྒྱག་མཁན་གྱི་ཁམས་པའི་ཚོང་པ་ཞིག་དང་འདྲ་"ཟེར་བ་དེ་དང་།    ཡང་མཇུག་ཏུ་"རྒྱལ་ཁབ་ཀྱི་སྲིད་ཇུས་གང་ཞིག་གི་ནང་དུའང་རང་མི་རིགས་ཀྱི་ཆ་ལུགས་སྤྲད་མི་ཆོག་ཟེར་བ་ཞིག་མེད་པས།  རང་གི་གང་དགའ་གང་འདོད་བྱས་ན་འོས་"ཟེར་བའི་གཏམ་དེ་གཉིས་ལས།  གང་ཞིག་ཧྲུའུ་ཅིའི་སེམས་གཏིང་གི་བཀའ་མོལ་དངོས་དེ་ཡིན་ནམ་བསམས་ནས་མགོ་བོ་རྨོངས་པར་གྱུར།

ཕན་ཚུན་རྒྱབ་འགལ་ལ་གྱུར་ཞིང་དབྱེ་འབྱེད་དཀའ་བའི་བཀའ་མོལ་དེར་བསམས་གཞིགས་བྱས་པ་བཞིན་དུ། ཚེ་རྡོར་མགོ་བོ་ན་རུ་ན་རུ་དང་བློ་སེམས་མི་བདེ་བར་གྱུར་ནས།  མཚན་མོ་དེར་ཚེ་རྡོར་གཉིད་ཡག་པོ་ཞིག་གཏན་ནས་མ་ཁུག

རྗེས་ཀྱི་ཉིན་ཤས་ནང་ཚེ་རྡོར་ནས་ཧྲུའུ་ཅིའི་བཀའ་མོལ་དེར་བསམ་གཞིག་དང་དབྱེ་ཞིབ་ཡང་ཡང་བྱེད་དགོས་བྱུང་།  བསམ་གཞིག་དང་དབྱེ་ཞིབ་མང་པོ་བྱས་པའི་འབྲས་བུར།  ཚེ་རྡོར་གྱི་སེམས་ནང་རང་གི་ལྕང་ལོ་དེ་ངེས་པར་བྲེག་དགོས་པའི་སྣང་བ་ཞིག་འཆར།  གང་ལ་ཟེར་ན་ཧྲུའུ་ཅིས་གསུངས་པ་ལྟར་ད་ཆ་རྒྱལ་ཁབ་ཀྱི་ལས་བྱེད་ནང་མགོ་བོར་སྐྲ་གཞུག་གིས་བརྒྱན་པའི་ལྕང་ལོ་འཇོག་མཁན་ལྟ་ཅི།  གྲོང་ཚོའི་མང་ཚོགས་ཁྲོད་དུའང་རྒད་པོ་ཉུང་ཤས་ལས་མེད་པ་དང་གཅིག  གལ་ཏེ་ཧྲུའུ་ཅིའི་སེམས་ནང་ང་རང་གི་ལྕང་ལོ་འདི་བྲེག་དགོས་པའི་སྐུལ་སློང་ངམ་ལྟ་བ་དེ་འདྲ་ཞིག་མེད་ཚེ།  དེ་ཉིན་གོ་སྐབས་དེ་འདྲ་ཞིག་སྤྱད་དེ་གནས་ལུགས་རྒྱུ་མཚན་མང་པོ་དེ་འདྲ་ཞིག་དྲངས་པའི་དགོས་པ་མེད་སྙམ་པ་དང་གཉིས།  གལ་སྲིད་ངས་ཧྲུའུ་ཅིའི་བཀའ་ལྟར་རང་གི་ལྕང་ལོ་འདི་མ་བྲེག་ན་ཧྲུའུ་ཅིའི་དགོངས་པ་དང་འགལ་སྲིད་ལ།  རང་ལ་འཛིན་པའི་ལྟ་བའང་་འགྱུར་འགྲོ་རྒྱུ་མ་ཟད།    སླད་ཕྱིན་གྱི་ལས་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་ཁག་པོ་ཡིན་པས། དེ་ལྟར་ན་རང་གི་འབྱུང་འགྱུར་གྱི་མདུན་ལམ་ལའང་གནོད་སྐྱོན་ཡོང་ངེས་རེད་བསམས་པས་སོ།

ཚེ་རྡོར་ནས་གོང་གི་གནད་དོན་དེ་དག་བསམས་དུས།  རང་གི་ལྕང་ལོ་དེ་ངེས་པར་བྲེག་དགོས་པ་ཤེས།    ཡིན་ནའང་མི་རབས་ནས་མི་རབས་མང་པོའི་རིང་བརྒྱུད་ཡོང་བ་མ་ཟད།  མི་ལོ་ལྔ་བཅུ་ལྷག་ཙམ་ནང་རང་དང་འགྲོགས་ཤིང་གོམས་སྲོལ་ཞིག་ལ་གྱུར་བའི་ཐོག ད་བར་རང་ཉིད་ཀྱི་རྒྱན་ཆ་དང་སྤོབས་སེམས་ཤིག་ཏུ་ངོམ་ཞིང་།    ཕྱི་ཤ་རུས་ཀྱི་ལུས་པོ་དང་ནང་སེམས་བསམ་པ་དང་ཆུ་དང་འོ་མ་བཞིན་དུ་འདྲེས་པའི་རྣམ་ཤེས་ལྟ་བུའི་གོམས་སྲོལ་དེ། དེ་ལྟར་རང་གར་དོར་རྒྱུ་ནི་སླ་པོ་ཞིག་ག་ལ་ཡིན། དེས་རྐྱེན་པས་ཚེ་རྡོར་ནས་རང་གི་ལྕང་ལོ་འཇོག་བསམས་དུས། ཧྲུའུ་ཅི་བསོད་རྒྱལ་གྱི་དབང་ཤུགས་དང་དཔོན་ཉམས་ཀྱི་ཁེངས་པའི་ངོ་གདོང་དེ་དྲན་འོང་ལ། ཧྲུའུ་ཅིའི་ངོ་གདོང་དྲན་ཏེ་ཁོང་གི་བཀའ་ལྟར་བྱེད་བསམས་དུས།  ད་བར་མི་ཚེ་གང་པོར་འགྲོགས་པའི་འོད་ཁྲིག་ཁྲིག་གི་ལྕང་ལོ་དེ་བསམས་ནས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུང་།  

ཡང་ན་གཡག་གུ་ཤི་རྒྱུ་དང་། ཡང་ན་གྲི་གུ་ལོག་རྒྱུ་ལས་ནམ་ཟླ་གཅིག་གི་ནང་དབྱར་དགུན་དུས་གཉིས་མཉམ་དུ་གནས་ཐབས་ཤིག་མེད་པས།  ཚེ་རྡོར་ནས་རང་གི་ལྕང་ལོ་བྲེག་རྒྱུའི་ཐད་ལ་བསམ་བློ་ཡང་ཡང་བཏང་མཐར། ལྕང་ལོ་བྲེག་རྒྱུ་དེ་ངེས་པར་བརྒྱུད་དགོས་པའི་བྱ་བ་ཞིག་ཏུ་སེམས་ཤིང་། སེམས་ནས་ཀྱང་ལྕང་ལོ་བྲེག་ཆེད་ཚེས་བྱ་ལེགས་པ་ཞིག་བདམས།  ཚེས་བྱ་ལེགས་པའི་ཉིན་དེར། ཚེ་རྡོར་ཆེད་དུ་རྫོང་ཐོག་ལ་སོང་ནས་སྔར་ནས་ད་བར་འཛུལ་མ་མྱོང་བའི་སྐྲ་ཁང་ནང་དུ་ཐེང་དང་པོར་འཛུལ།

སྐྲ་ཁང་གི་ཞབས་ཞུ་མ་དེས་ཚེ་རྡོར་སྐྲ་ཁང་ནང་འཛུལ་ཡོང་བ་མཐོང་དུས།  མཛུམ་གྱིས་བསུས་ཏེ"རྒན་ལགས་ཁྱེད་རང་དབུ་སྐྲ་འཁྲུ་མཁན་ཡིན་ནམ་"ཟེར། ཚེ་རྡོར་ནས་དབུགས་རིང་ཞིག་བཏང་སྟེ་"ང་སྐྲ་འཁྲུ་མཁན་མིན།  སྐྲ་བྲེག་མཁན་ཡིན་"ཞེས་ལན་བཏབ་པས།  ཞབས་ཞུ་མ་དེའི་སེམས་ལ་ཚེ་རྡོར་ནས་ཁ་མཚར་རྩེད་ཀྱི་འདུག་སྙམ་སྟེ།  "རྒན་ལགས་ཁྱེད་རང་དབུ་སྐྲ་བྲེག་མཁན་ཡིན་ན་དབུ་སྐྲ་བྲེགས་རྗེས། ཁྱེད་ཀྱི་ལྕང་ལོ་ཡག་པོ་འདི་བདག་ལ་གསོལ་རས་སུ་གནང་རོགས།    ང་རང་གི་སྐྲ་ལ་དང་དོད་གང་ཡོང་བྱས་ཀྱང་ཡོག་མོ་འདྲ་བའི་སྐྲ་ལོ་འདི་འདྲ་ཞིག་ལས།  སི་ལིང་ལྗང་པ་འདྲ་བའི་ཁྱེད་ཀྱི་དབུ་སྐྲ་འདི་ལྟ་བུ་ཞིག་ཡོང་རྒྱུ་གཏན་ནས་མི་འདུག་"ཟེར།

ཚེ་རྡོར་ནས་ཞབས་ཞུ་མས་ཁོ་རང་གི་གཏམ་ལ་ཡིད་ཆེས་མེད་པའི་ཐོག  མོ་རང་གི་དོན་དངོས་དང་རྩེད་མཚར་མཉམ་འབྲེས་ཀྱི་གཏམ་དེ་དག་ཐོས་རྗེས།  བློ་བློང་པོར་གྱུར་ནས་སླར་ཡང་དབུགས་རིང་དང་བཅས་"བུ་མོ། ངས་ཁྱེད་རང་ལ་རྩེད་མཚར་བྱས་པ་མིན  ང་རང་དངོས་ནས་སྐྲ་བྲེག་པར་ཡོང་བ་ཡིན་"ཞེས་ནན་བཤད་བྱས། ཞབས་ཞུ་བུ་མོ་དེས་ཡིད་ཆེས་ལ་མ་ཆེས་ངང་"རྒན་ལགས།  ཁྱེད་རང་དངོས་ནས་དབུ་སྐྲ་བྲེག་མཁན་ཡིན་ནམ།  དབུ་སྐྲ་ཡག་པོ་འདི་འདྲ་བྲེགས་ན་དངོས་ནས་ཕང་པོ་རེད།  མ་གཙང་ནས་ད་ཆ་ཁྱེད་རང་དགུང་ལོའང་མཐོ་ཙམ་ཡིན་པས་དབུ་སྐྲ་བྲེག་ནས་ཅི་བྱེད་"ཟེར། ཞབས་ཞུ་མའི་གཏམ་དེ་དག་ཐོས་རྗེས་ཚེ་རྡོར་རེ་ཞིག་དོགས་མི་བདེ་བར་གྱུར།  ཞབས་ཞུ་མས་ཚེ་རྡོར་གྱི་ངང་ཚུལ་དེ་མཐོང་རྗེས།  རང་གིས་ཅི་ཞིག་བཤད་ནོར་བྱུང་བ་ཤེས་ཏེ་སྐྲ་བཞར་མཁན་རྒྱ་རིགས་སྦྱིན་བདག་དེ་སྐད་བཏང་། རྒྱ་རིགས་སྦྱིན་བདག་དེས་ཀྱང་ཕང་སེམས་ཀྱི་ཚུལ་དུ་"ཁྱེད་རང་ལྕང་ལོ་ཡག་པོ་འདི་འདྲ་བྲེག་ནས་ཅི་བྱེད།  ཁྱེད་རང་ལ་ལྕང་ལོ་འདི་དངོས་ནས་སྤམ་པོ་དང་ཉམས་དོད་པོ་འདུག  ཁྱེད་རང་གི་ལྕང་ལོ་དང་ཁ་སྤུ་འདི་དག་ནས་བོད་རིགས་ཤིག་ལ་ཡོད་དགོས་པའི་དམིགས་བསལ་གྱི་རྣམ་པ་དེ་མཐོང་ཐུབ་ཀྱི་འདུག་"ཟེར། ཡིན་ནའང་ཚེ་རྡོར་གྱི་སེམས་གཏིང་གི་གསང་བ་དེ་ཁོ་ཚོས་རྟོགས་ཐབས་མེད་པས།  ཚེ་རྡོར་གྱི་རེ་བ་བཞིན་རྒྱ་རིག་སྦྱིན་བདག་དེས་"རོབ་རོབ་"ཟེར་ཐེངས་གཅིག་ལ་ཚེ་རྡོར་ནས་མི་ལོ་ལྔ་ཅུ་ལྷག་ཙམ་གསོག་ཉར་བྱས་པའི་ལྕང་ལོ་དེ་ཧྲུག་གེར་བཅད་སོང་།

"རོབ་རོབ་"ཟེར་བའི་ལྕང་ལོ་འབྲེག་པའི་སྒྲ་དེ་ཐོས་དུས།  ཚེ་རྡོར་གྱི་སྣང་བ་ལ་སྐྲ་གྲི་དེ་རང་གི་སྐྲ་ལོར་བརྒྱབ་པ་ཞིག་མིན་པར། སྐྲ་གྲི་དེ་ཤན་གྲི་ཞིག་དང་འདྲ་བར་རང་གི་སྙིང་ཁའི་རྩ་གང་ཞིག་ལ་ཕོག་པ་ལྟར་སྙིང་ཁ་གྲང་ཅག་གེར་གྱུར། སྐྲ་བྲེགས་རྗེས་ངོ་ཤེལ་ནང་དུ་གསལ་བའི་ཁོ་རང་གི་ངོ་གདོང་དེ། བྱ་སྒྲོ་བཏོགས་པའི་བྱ་ཕོ་ཞིག་དང་འདྲ་ཞིང་།  ལྕང་ལོ་བཅད་རྗེས་ད་གཟོད་མ་ལེའི་སྟེང་གི་ཨོག་ཚོམ་དེ་ཡང་མངོན་གསལ་ཇེ་ཆེར་སོང་ནས་ར་རྒན་གྱི་ཨོམ་ཚོམ་དང་ཨ་ན་མ་ན་རེད།  དེས་རྐྱེན་པས་དུས་རྒྱུན་དང་དོད་ཆེན་པོས་གཞན་ལ་ངོམ་རྒྱུའི་ཨོག་ཚོམ་དེ།  མིག་ལ་མ་སོང་ཞིང་སེམས་ལ་གཟན་པའི་སྣང་བ་ཞིག་གིས་དེའང་བྲེག་རྒྱུའི་རེ་བ་སྟོན།

ལྕང་ལོ་དང་ཨོམ་ཚོམ་བྲེགས་རྗེས། རང་ངོ་རང་གིས་ཤེས་དཀའ་བའི་སྣང་བ་དེ་ཙམ་མ་ཟད།  མགོ་སྟེང་གི་ཞྭ་མོ་ཕུད་པ་ལྟར་ཡང་སང་ངེ་དང་སྟོང་འཇག་གེར་འདུག  དེ་ལྟའི་ཚོར་སྣང་ནི་ཚེ་རྡོར་གྱི་ངོས་ནས་བཤད་ན་མི་གོམས་པ་མ་ཟད་མི་སྐྱིད་པ་ཞིག་ཀྱང་རེད།  གང་ལྟར་ཡང་ད་ནི་སྐྲ་ལོ་དང་ཁ་སྤུ་ཚང་མ་སྟོན་འབྲས་བཞིན་བརྔས་ཟིན་པས།  ཚེ་རྡོར་ནས་ལྕང་ལོ་དེ་ཨམ་ཕྲག་ནང་དུ་བཅུག་སྟེ་སྐྲ་ཁང་གི་ཕྱི་ལ་ཐོན། སྐྲ་ཁང་གི་སྒོ་ནས་ཐོན་དུས་ཁོའི་སེམས་ནང་དོན་དག་གང་ཞིག་འཕྱུག་སོང་བའི་ཕངས་སེམས་དང་བཅས་སེམས་ཧ་ཅང་མི་བདེ་བར་གྱུར།  

དེ་དུས་ཁོ་ལ་ཁ་སྐོམ་པའི་སྣང་བ་ཞིག་འགོག་མེད་ལ་འཆར་བས།  སྦི་རག་འཐུང་འདོད་ཞིག་གིས་སྐུལ་ཏེ།  ཚེ་རྡོར་ནས་དེ་སྔ་འགྲོ་མང་ལ་རྒྱུས་མངའ་ཆེ་བའི་ཆང་ཁང་དེའི་ཕྱོགས་སུ་སོང་།  ཆང་ཁང་དང་ཉེ་བར་སླེབས་དུས། གློ་བུར་ཁོའི་མིག་ལམ་དུ་ད་གིན་ངོ་ཤེལ་ནང་དུ་གསལ་བའི་སྒྲོ་བཏོགས་བྱ་ཕོ་དང་འདྲ་བའི་ངོ་གདོང་དེ་འཆར་ཏེ།  སེམས་ནང་ཆང་ཁང་དེའི་ནང་དུ་སོང་ཚེ་རྒྱུས་མངའ་དང་འབྲེལ་འདྲིས་ཆེ་བའི་མི་མང་པོ་ཞིག་མཐུག་སྲིད་པས། ཁོ་ཚོས་ང་རང་ནས་ཀྱང་མཐོང་མི་འདོད་པའི་རྣམ་པ་འདི་མཐོང་དུས། སྨྲ་ལྕེ་བདེ་བའི་མི་རྣམས་ཀྱིས་རང་ཉིད་ལ་མི་འདོད་པའི་གཏམ་ཅི་ཡང་སྨྲ་རྒྱུར་གདོན་མི་ཟ་བས།  དེ་ལས་གཡོལ་ཐབས་ཤིག་བྱས་ན་དགའ་བསམས་ཏེ།  རྫོང་གྲོང་གི་མཐའ་ཟུར་དུ་གནས་ཤིང་སྐུ་མགྲོན་ཉུང་ངུ་ལས་མེད་པའི་ཆང་ཁང་ཞིག་གི་ནང་དུ་འཛུལ།  ཚེ་རྡོར་ནས་དེ་གར་སྦི་རག་ཤེལ་དམ་གསུམ་ཙམ་བཏུངས་ཚར་དུས་དུས་ཚོད་ཀྱང་སྔ་པོ་མེད་པས།  ཚེ་རྡོར་ནས་བསོད་རྒྱལ་ཧྲུའུ་ཅིའི་བཀའ་སློབ་བཞིན་གཤགས་བཅོས་ཐེངས་གཅིག་བྱས་པ་ལྟ་བུའི་རང་གི་གཟུགས་བརྙན་གསར་པ་དེ་ཧྲུའུ་ཅིར་སྤྱན་འབུལ་ཞུས་ནས། རང་ཉིད་ནས་བསོད་རྒྱལ་ཧྲུའུ་ཅིའི་བཀའ་གསུང་ཅི་སྒྲུབ་ཞུས་ཤིང་། ཧྲུའུ་ཅི་ཁོང་ལ་དུས་དང་རྣམ་པ་ཀུན་ཏུ་ལྷག་བསམ་རྣམ་དག་གི་སེམས་དེ་མཚོན་ཆེད།  ལས་དོན་སྙན་ཞུ་ཁ་རུ་འཁྱེར་ནས་བསོད་རྒྱལ་ཧྲུའུ་ཅིའི་གཞུང་ལས་ཁང་གི་ཕྱོགས་སུ་སོང་།  ཁོ་རང་གཞུང་ལས་ཁང་གི་སྒོ་འགྲམ་དུ་སླེབས་དུས།  བསོད་རྒྱལ་ཧྲུའུ་ཅི་དང་རྒྱ་རིགས་ཕོ་གཞོན་ཞིག་གཞུང་ལས་ཁང་ནས་ཕྱིར་ཐོན་ཡོང་བ་དང་ཁ་མཐུག་ཏག་ཏག་བརྒྱབ།  ཚེ་རྡོར་ནས་འཛུམ་འཚེར་འཚེར་ངང་"ཧྲུའུ་ཅི་ལགས། གུས་པས་ཆེད་མངགས་ཁྱེད་རང་ལ་ལས་དོན་སྙན་གསེང་ཞུ་རུ་བཅར་བ་ཡིན་"ཞེས་སྨྲས།      

ཧྲུའུ་ཅིས་འགྲོ་མཚམས་བཞག་ནས་ཁོ་རང་ལ་ནན་གྱིས་བལྟས་ལུགས་ལ་བསམས་ན་ཧྲུའུ་ཅིས་ཁོ་ངོ་ཤེས་མེད་པ་འདྲ། རེ་ཞིག་བལྟས་དེ་ཚེ་རྡོར་ངོ་ཆོད་རྗེས། ཧྲུའུ་ཅིས་ནང་དོན་རྟོགས་དཀའ་བའི་གད་མོ་ཆེན་པོ་ཞིག་བགད་དེ  "ད་ཡིན་ན་ཁྱེད་རང་རྦད་དེ་འགྱུར་ནས་ངོ་ཤེས་པ་མི་འདུག ངའི་བསམ་པར་ཆ་རྒྱུས་མེད་པའི་མི་ཞིག་སླེབས་བྱུང་བསམས་པ་ལས་ཁྱེད་རེད་སྙམ་པ་བསམ་པའི་ཡུལ་ལའང་མ་བྱུང་། དངོས་གནས་ལྕང་ལོ་དང་སྨྲ་ར་བྲེགས་རྗེས་ཁྱེད་རང་མིག་ལ་མི་གོམས་པ་ཞིག་འདུག་"ཟེར་ཞིང་།  མིག་ལ་མི་གོམས་པའི་མིག་མདའ་དེ་སྔར་བཞིན་ཁོ་རང་གི་ལུས་ཐོག་ལ་ཅེར་ནས་ཡོད་པས།  ཚེ་རྡོར་ཅུང་དོགས་མི་བདེ་བའི་ངང་ལ་གནས་རྗེས།  ཚེ་རྡོར་ནས་ནམ་རྒྱུན་གོང་གི་དབུ་ཁྲིད་མཐུག་དུས་གོམས་གཤིས་ལྟར།  མགོ་བོར་ལག་པས་བྲད་བཞིན   "ཁ་སྔོན་ཧྲུའུ་ཅི་ཉིད་ཀྱིས་གནང་བའི་བཀའ་སློབ་ལྟར།  དེ་རིང་ངས་སེམས་ཐག་གཙང་མར་བཅད་དེ་ལྕང་ལོ་དང་སྨྲ་ར་ཚང་མ་གཙང་མར་བྲེགས་པ་ཡིན་"ཞེས་གསལ་བཤད་བྱས།

ཧྲུའུ་ཅིས་སླར་ཡང་ཁོ་ལ་ནན་གྱིས་བལྟས་རྗེས།  "ཁྱེད་རང་ནི་ངའི་ཁ་མཚར་གྱི་གཏམ་དེ་འདྲ་ཞིག་ལ་ཆ་འཇོག་བྱེད་དགོས་དོན་ཅི་ཡོད།  སྐབས་དེ་དུས་ངས་ཁ་མཚར་དགོད་བྲོའི་ཚུལ་དུ་བཤད་པ་ཙམ་ལས་དོན་གཞན་མེད།  ད་ཡིན་ནའི་ཡག་པོ་བྱུང་འདུག  ལམ་སེང་མིག་གིས་མི་གོམས་པ་ཙམ་ལས་སྤྱང་གྲུང་དོད་ལ་ཞེ་དྲག་ཕྱིན་འདུག  ང་ད་ལྟ་ལམ་སེང་ཚོགས་འདུ་ཞིག་ལ་འགྲོ་དགོས་པས་"རྗེས་སུ་སྐད་ཆ་ཡོང་ཟེར་ནས་བུད་དེ་སོང་།

 ཚེ་རྡོར་ནས་ཧྲུའུ་ཅིའི་བཀའ་མོལ་དེ་དག་ཐོས་རྗེས།  རང་ཉིད་མགོ་སྐོར་འོག་ཏུ་ཚུད་པའམ། རང་ཉིད་ཡ་མ་བརླ་དྲགས་པའི་སྣང་བ་ཞིག་གིས། མ་གཙང་ནས་ཟང་ཟིང་དུ་གནས་པའི་ཁོའི་སེམས་པ་དེ་བས་མི་སྐྱིད་པར་གྱུར།

དགོང་མོ་ཁྱིམ་དུ་འབྱོར་དུས།  དང་ཐོག་ཁོ་རང་མཐོང་མཁན་ནི་སྒོ་རའི་ནང་བ་མོ་འཇོ་བཞིན་པའི་བཟའ་ཟླ་རེད།   ཆུང་མས་ཁོ་རང་མཐོང་རྗེས།  བ་མོ་འཇོ་འཕྲོར་བཞག་ནས་བསོད་རྒྱལ་ཧྲུའུ་ཅིས་ཁོ་རང་ཐོག་མར་མཐོང་དུས་དང་འདྲ། ཧ་ལས་ཤིང་ཧང་སངས་པའི་ཚུགས་ཀ་ཞིག་སྟོན་ཞིང་ཁོ་རང་ལ་ནན་གྱིས་བལྟས་དེ་གང་ཙམ་བསྡད་རྗེས།  གློ་བུར་ཁ་ལག་པས་བཀབ་སྟེ་གད་མོ་ཤུགས་ཀྱིས་བགད་པ་དང་དེ་ནས། ཧང་སངས་སངས་ཀྱི་སྒོ་ནས་"འོ་རྫི་ལགས།  ང་ཚོའི་པའ་ལགས་རེད་འདུག  ངའི་སེམས་ལ་སྒྱེ་སྒོ་ར་རྫ་མ་འཚོང་མཁན་ཞིག་ཁྱིམ་ནོར་ནས་གང་བྱུང་དུ་འཛུལ་ཡོང་གི་འདུག་བསམས་བྱུང་"ཟེར་ནས་ཁོ་རང་ལ་སླར་ཡང་ནན་གྱིས་ལྟ་གིན་འདུག  ཆུང་མའི་གཏམ་དང་གད་མོ་དེ་ཁྱིམ་ནང་རྩེད་མོར་གཡེང་ནས་ཡོད་པའི་ཚ་བོ་དང་ཚ་མོ་གཉིས་ནས་ཐོས་ཏེ།  རྩེད་མོ་རྩེད་འཕྲོར་ཅམ་ལ་བཞག་ནས་སྒོ་རའི་ནང་ཐོན་བྱུང་།  ལོ་ན་གསུམ་བཞིར་གསོན་པའི་ཚ་བོ་དང་ཚ་མོ་གཉིས་ནས་སྤོ་བོ་ཚེ་རྡོར་མཐོང་བ་དང་ཆ་རྒྱུས་མེད་པའི་མི་ཞིག་མདུན་དུ་ཐོན་པ་ལྟར། ཚེ་རྡོར་ལ་ནན་གྱིས་བལྟས་རྗེས་ཕན་ཚུན་གྱི་ངོ་ལ་ལྟ་བ་དང་།  དེ་ནས་རྨོ་བོའི་ངོ་ལ་ཅེར་ནས་གོ་བ་མི་ལོན་པའི་ཚུགས་ཀ་ཞིག་བསྟན།  ཚུལ་དེས་ཆུང་མ་སླར་ཡང་གད་མོ་ཆེན་པོ་ཤོར་བས།  ཚ་བོ་དང་ཚ་མོ་གཉིས་ནས་རྨོ་བོའི་བགད་ཚུ་ལ་བལྟས་ཏེ་གད་མོ་ཧ་ཧ་ལ་བགད།  དོན་དེས་ཚེ་རྡོར་བགད་རྒྱུ་ལྟ་ཅི་ཁོང་ཁྲོ་མེ་རུ་འབར་ནས།  རྒྱབ་ཀྱི་རྫི་སྒྱེ་དེའང་སྒོ་ཁར་ལྷག་སེ་གཡུགས་ཤིང་ཆུང་མར་མིག་ལོག་ཞེ་ལོག་པ་ཞིག་བལྟས་རྗེས་ཐབ་ཚང་ནང་དུ་འཛུལ་ནས་སོང་།

ཐབ་ཚང་ནང་དུ་སླེབས་རྗེས་ཚེ་རྡོར་ནས་ཁོང་ཁྲོའི་དབུགས་ངན་ནར་ནར་ངང་ཆང་དམ་དང་ཆང་ཕོར་བླངས་ཏེ་ཞབས་ཐག་བརྒྱབ།  དེ་དུས་ཚ་བོ་དང་ཚ་མོ་གཉིས་རྐང་འཇབ་ལག་འཇབ་དང་ལྐོག་ལྐོག་སུད་སུད་ངང་ཐབ་ཚང་ནང་དུ་འཛུལ་ཡོང་བ་མ་ཟད།  སྤོ་བོའི་ཕྱོགས་ལ་མཛུབ་མོ་ཀེར་ནས་དགོད་བྲོ་བྲོ་དང་ཡ་མཚན་མཚན་བྱེད་པས།  དུས་རྒྱུན་གཤིས་ཀ་འཇམ་ལ་ཕྲུ་གུར་ཤིན་ཏུ་གཅེས་པའི་སྤོ་བོ་ཚེ་རྡོར་ཁོང་ཁྲོ་དེ་བས་ཀྱང་ལངས་ཏེ  "ལྟས་ཕྲུག  བགད་རྒྱུ་ག་རེ་འདུག་གམ་"ཞེས་ཤུགས་ཀྱིས་གཤེ་བས།  ཚ་བོ་དང་ཚ་མོ་གཉིས་ཤིན་ཏུ་འཇིགས་ཏེ་ཤུགས་ཀྱིས་ངུས་བྱུང་།                             

ཉིན་གཉིས་པའི་ཞོགས་པ་ཚེ་རྡོར་མལ་ལས་ལངས་རྗེས།  ནང་མི་ཚོས་མ་ཚོར་བ་བྱས་ཏེ་ངོ་ཤེལ་གྱི་འགྲམ་དུ་སོང་ནས་རང་གི་ལུས་ལ་ཡག་པོ་ཞིག་བལྟས།  ངོ་ཤེལ་ནང་དུ་གསལ་བའི་ཁོ་རང་ནི་མགོ་བོ་དང་ངོ་གདོང་ཆུང་ལ་སོང་ནས་ནམ་རྒྱུན་ལྟ་བུའི་སྣུམ་ཞག་མེད་པར།  ཆུང་མས་བཤད་པ་ལྟར་རྫ་མཁན་ཞིག་དང་འདྲ།    ཞིབ་པར་ལྟ་དུས་དེ་སྔའི་ལྕང་ལོ་དང་སྨྲ་ར་རིང་པོ་དེ་མེད་ཙ་ན།  རྣ་ལ་བཏགས་པའི་གཡུ་བྱིལ་གྱི་རྣ་རྒྱན་དེའང་ཆ་མི་མཚུངས་པ་མ་ཟད།  ཧྲུའུ་ཅི་བསོད་རྒྱལ་དང་རང་གི་ཆུང་མ་དང་ཚ་བོ་ཚ་མོ་དང་འདྲ་བར་ཁོ་རང་ལ་འཕྱ་དམོད་བྱེད་པའི་ཚུལ་དུ་འདུག་པས།  ཚེ་རྡོར་ཡིད་མི་དགའ་བར་སྐེད་གྲི་ཤུབས་ནས་ཤག་སེ་བཏོན་ཏེ་གཡུ་བྱིལ་གྱི་རྣ་རྒྱན་དེ་གཉིས་ཀྱི་རྣ་ལུང་དུམ་བུར་་བཅད་དེ་ལྕང་ལོ་དང་མཉམ་དུ་ལྕགས་སྒམ་ནང་དུ་བཅུག

དེ་ཉིན་ནས་ཁོ་རང་ཕྱི་ལ་འགྲོ་རིམ་བཞིན་མི་ལ་ལས་ཐད་ཀར་དུ་"ད་ཡིན་ན་ཚེ་རྡོར་ལགས་ཁྱད་མཚར་ཞིག་ཆགས་འདུག"ཟེར་བ་དང་།  ལ་ལས་ཁ་འཚེར་འཚེར་པགས་པའི་འཐེན་ཕྱོགས་ཟེར་བའི་དཔེ་བཞིན།  ཁ་མཁས་བསྟུན་མཁས་ཀྱི་སྒོ་ནས་"ད་ཡིན་ན་ཚེ་རྡོར་ལགས་སྔར་དང་མི་འདྲ་བར་གཞོན་ཉམས་དང་གྲུང་ཤ་དོད་ལ་སོང་འདུག་"ཟེར།  ད་དུང་གྲོང་ཚོའི་ནང་གི་ལྕང་ལོ་དང་སྨྲ་ར་ཡོད་པའི་རྒད་པོ་དེ་དག་ནས་ཤིན་དུ་མ་འདོད་པའི་ངང་"འོ།  ད་ཡིན་ན་ཁྱེད་རང་གི་མདོག་རྦད་དེ་ཤོར་ཏེ་སེང་གེ་སྒོ་ཁྱི་དང་རྨ་བྱ་ཁྱིམ་བྱའི་ཚུལ་དུ་གྱུར་དུག    ཁྱེད་རང་གི་སེམས་ལ་ལྕང་ལོ་བྲེགས་ན་གསར་བརྗེ་དང་བཅིངས་འགྲོལ་ཆེན་པོ་ཞིག་བཏང་བ་ཡིན་སེམས་ཀྱི་ཡོད་པ་རེད།  ཡིན་ནའི་དེ་ནི་གསར་བརྗེ་དང་བཅིངས་འགྲོལ་ཞིག་མ་ཡིན་པར།  རང་མི་རིགས་ཀྱི་ཐུན་མོང་མིན་པའི་རིག་གནས་དང་གོམས་སྲོལ་གྱི་སྲོག་རྩ་བཅད་པ་ཞིག་ལས་གསར་བརྗེ་དང་བཅིངས་འགྲོལ་ཞིག་ག་ལ་ཡིན་"ཞེས་འཕྱ་བས།   ཚེ་རྡོར་ནས་གཏམ་དེ་དག་ཐོས་རྗེས་བྱ་མ་བྱིའུ་ཞིག་དང་འདྲ་བའི་རང་གི་ལུས་ལ་བལྟས་ཏེ། བགད་མི་ཤེས་ལ་ངུ་ཡང་མི་ཤེས་པའི་གནས་སུ་ལྷུང་།   


编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心