སྤྱི་ལོ༢༠༢༡ལོའི་ཟླ༡༠ཚེས༡༢ཉིན་གྱི་ཕྱི་དྲོའི་ཚོགས་ཐུན་གསུམ་པའི་སློབ་དཔྱོད་བྱེད་སྒོའི་དུས་ཚོད་བེད་སྤྱད་དེ། རང་སློབ་གྲྭའི་སློབ་དཔྱོད་ཁང་གི་བཀོད་སྒྲིག་ལྟར། བོད་ཡིག་སློབ་ཁྲིད་པ་རྒན་ཕུར་བུ་བུ་ཁྲིད་ལགས་ཀྱི་བསླབ་ཚན་གསན་ཟིན་པའི་རྗེས་ལ། བོད་ཡིག་སློབ་ཁྲིད་དགེ་རྒན་ཚང་མ་ཐེ་ཞུགས་བྱས་ཏེ་ཚ་ཚ་འུར་འུར་ངང་ནས་དཔྱད་འཇོག་སྤེལ་བ་མ་ཟད། དགོངས་ཚུལ་ལམ་ལྟ་བ་ལྷུག་སྩོལ་གནང་བ་རེད།
ཐུན་མོང་ཐོག་ཡར་རྒྱས་དང་སྐུལ་སྤེལ་ཡོང་ཆེད་དུ་བོད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་ཚང་མས་རྒན་ཕུར་བུ་བུ་ཁྲིད་ལགས་ཀྱི་སློབ་ཁྲིད་གནང་ཐབས་ལ་ཁ་ཁོག་པས་མ་གསང་། བློ་སྒྱུ་མས་མ་བཀུམས་པར་གང་བསམ་ལྷུག་པོའི་ཚིག་གིས་དཔྱད་འཇོག་གནང་སོང་། དང་ཐོག་སློབ་ཁྲིད་ཀྱི་སྦྱོར་བ་དངོས་ཀྱི་ནང་དོན་ལེགས་པར་སློབ་མའི་བློ་ངོར་ཆུད་ཐུབ་ཆེད་དུ་རྒན་ཁོང་ནས་གྲ་སྒྲིག་ལས་དོན་སྟེ། དཔྱད་གཞིའི་རྒྱུ་ཆ་འཚོལ་ཞིབ་བྱ་རྒྱུ་དང་། སྣ་མང་སྨྱན་ཆས་བཟོ་རྒྱུ། སྒྲ་འཇུག་དང་བཪྙན་ཕབ་བཟོ་རྒྱུ། དྲ་རྒྱའི་ལམ་ནས་བསླབ་གཞིའི་ནང་དོན་ལ་མཁོ་བའི་པར་རིས་དང་འགུལ་རིས་ཕབ་ལེན་བྱ་རྒྱུ་སོགས་སྔོན་ཚུད་ནས་ལེགས་པར་སྤེལ་ཡོད་པ་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཁྲིད་བྱའི་ནང་དོན་རྣམས་ཁ་གསལ་ཞིང་གོ་བདེ་བ། ལུས་ཀྱི་སྟངས་སྟབས་དང་ངག་གི་འགྱུར་ཁུག་ཡིད་གར་ཐད་པ། སློབ་ཁྲིད་ནང་དོན་བཀོད་སྒྲིག་བྱ་ཐབས་ཐད་སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི་རེ་བ་དང་མཐུན་པ། སློབ་ཐུན་ཧྲིལ་པོའི་སློབ་ཁྲིད་བྱ་ཐབས་དང་སྒྲིག་གཞི་བཀོད་སྒྲིག་བྱ་ཐབས་ཐད་སྔོན་མ་ལས་ཇེ་ལེགས་ཇེ་བཟང་དུ་སོང་ཡོད་པ་སོགས་དགེ་མཚན་མང་དག་གཅིག་གླེང་བའི་མུར་སྐྱོན་གྱི་ཆ་ཡང་ཅུང་ཟད་ལྡན་པ་རྣམས་སྦས་སྐུངས་མེད་པར་གླེང་སོང་སྟེ། གཅིག་ནས་ནག་པང་འཆར་བཀོད་ལེགས་པར་བྱས་མེད་པ། གཉིས་ནས་སྒོ་སམ་སྟེང་དུ་རྒན་ལགས་ཁོང་རང་ནས་བྲིས་གནང་བའི་ཡི་གེའི་གཟུགས་དེ་ཙམ་གྱི་དོད་པོ་མེད་པ། གསུམ་ནས་སྨྱན་ཆས་ནང་གི་ནང་དོན་འགའ་ཤས་ཀྱི་དཀར་ཆ་ནག་ཆ་དོད་པོ་མེད་པ་དང་ཡི་གེ་ཆུང་དྲགས་པའི་རྐྱེན་གྱིས་གསལ་པོར་མཐོང་མི་ཐུབ་པ། བཞི་ནས་སློབ་ཁྲིད་ཉན་མཁན་དགེ་རྒན་སུམ་ཅུ་ལྷག་ཙམ་ཡོད་པའི་རྐྱེན་གྱིས་འཚེར་སྣང་སྐྱེས་པ་སོགས་ཀྱི་སྐྱོན་ཅུང་ཟད་ཐོན་སོང་།
མདོར་ན། རྒན་ལགས་ཁོང་ད་ལྟ་སློབ་གསོ་སློབ་ཁྲིད་ཀྱི་ལས་ལ་ཞུགས་ནས་དུས་ཚོད་ཉུང་ངུ་ལས་སོང་མེད་ཀྱང་། སློབ་ཁྲིད་ཀྱི་གྲ་སྒྲིག་ལས་དོན་ཚགས་ཚུད་པ་སྤེལ་ཐུབ་ཡོད་ཅིང་། སློབ་ཁྲིད་སྦྱོར་བ་དངོས་ཀྱི་ནང་དུ་ནོར་བ་དང་འཁྲུལ་བའི་ཆ་ཅུང་ཟད་ཙམ་ཡང་མེད་པ། སྨྱན་ཆས་བཟོ་རྒྱུར་བྱང་ཆ་ལྡན་པ། ནང་དོན་ལ་འགྲེལ་པ་རྒྱག་སྐབས་གནད་ལ་འཁེལ་ཞིང་གཙོ་ཕལ་གྱི་དབྱེ་བ་ཁ་གསལ་བ་སོགས་ཀྱི་དགེ་མཚན་མང་དུ་ལྡན་པས། རྒན་དར་གཞོན་གསུམ་གྱི་དགེ་རྒན་ཚང་མས་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། དགའ་མགུ་ཡི་རངས་དང་། སློབ་སྦྱོང་ཞུ་རྒྱུའི་འདུན་པ་ཆེན་པོ་བཅངས་བཞིན་འདུག