当前位置: 首页 > 通知公告 > འགྲོ་མགོན་ཆོས་རྒྱལ་འཕགས་པ།

འགྲོ་མགོན་ཆོས་རྒྱལ་འཕགས་པ།

2020年06月16日 16:25:31 访问量:97

 

རབ་བྱུང་བཞི་པའི་ཤིང་ལུག(༡༢༣༥)ལོ་ནས་རབ་བྱུང་ལྔ་པའི་ལྕགས་འབྲུག(༡༢༨༠)ལོའི་བར། ཟངས་ཚ་བསོད་ནམས་རྒྱལ་མཚན་ལ་ལྕམ་ལྔ་ཡོད་པའི་ནང་གི་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་ཆེ་བ་ཡིན། ཡབ་དགུང་ལོ་ང་གཉིས་པ་ལ་འཁྲུངས། དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་གནས་ལྔ་ལ་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན། དགུང་ལོ་བརྒྱད་ལ་ཕེབས་དུས་ཆོས་བཤད་མཛད་ཐུབ་པ་བྱུང༌། ཤིང་འབྲུག(༡༢༤༤)ལོར་དགུང་ལོ་བཅུར་ཕེབས་དུས་རང་ཉིད་ཀྱི་ཁུ་བོ་རྗེ་བཙུན་ས་སྐྱ་པཎྜི་ཏ་རྒྱལ་པོ་གོ་དོན་གྱིས་གདན་དྲངས་པ་ལྟར་ཕེབས་སྐབས་ཕྱག་ཕྱིར་བྱོན།དགུང་ལོ་བཅུ་བདུན་པ་ལྕགས་ཕག(༡༢༥༡)ལོར་རྗེ་བཙུན་ས་སྐྱ་པཎྜི་ཏ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོ་བསྐོས། དགུང་ལོ་བཅུ་དགུ་པ་ཆུ་གླང(༡༢༥༣)ལོར་ཧུ་པི་ལི་སི་ཆེན་ཧན་གྱིས་མཆོད་གནས་སུ་གདན་དྲངས་པ་ལྟར་ཕེབས། ལོ་དེར་རྒྱལ་པོས་ཞུས་པ་ལྟར་རྒྱལ་པོ་རང་ཉིད་ཀྱིས་གཙོ་བོ་བྱས་པའི་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་ཐེངས་དང་པོ་གནང༌། དེའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གནང་བ་དང་ཏི་ཤྲིའི་གོ་གནས་དང༌། གཡང་ཊི་ལས་བྱས་པའི་ཐམ་ཀ མུ་ཏིག་གིས་བརྒྱན་པའི་སྣམ་སྦྱར། སྐུ་ཆོས་སོགས་དངོས་འབུལ་མང་པོ་ཕུལ།དེའི་ཕྱི་ལོར་བཎྜེ་ཤེད་སྐྱེད་ཀྱི་འཇའ་ས་བོད་ཡིག་མདང༌། དངུལ་བྲེ་ཆེན་ལྔ་བཅུ་ང་དྲུག ཇ་སིག་ཉིས་བརྒྱ། གོས་ཡུག་བརྒྱད་ཅུ། དར་ཡུག་སྟོང་དང་བརྒྱ་བཅས་ཕུལ། སྐབས་དེར་འགྲོ་མགོན་འཕགས་པས་རྒྱལ་པོར་ཞུས་པ་བཞིན་གྲྭ་པའི་ཁང་པར་གསེར་ཡིག་པས་མཚེར་མི་འབབ་པ་དང༌། འུ་ལག་དང༌། ཁྲལ་མི་བསྐུལ་བའི་བཀའ་ཡིག་གནང༌། འགྲོ་མགོན་འཕགས་པ་སྐབས་དེར་དགུང་ལོ་ཉི་ཤུ་ལས་ལོན་མེད་པའི་སྐུ་གཞོན་ནུ་ཞིག་ཡིན་ཡང༌། ཆོས་ལུགས་ཐོག་མཁས་པའི་ཕུལ་དུ་ཕྱིན་པ་མ་ཟད། ཆབ་སྲིད་ཐོག་ནས་གཟིགས་རྒྱ་ཡངས་པ་ཞིག་ཡིན་པས། ཡོན་རྒྱལ་རབས་ཀྱི་ཆབ་སྲིད་དང་། ས་སྐྱ་པའི་ཆོས་ལུགས་གཉིས་ཀའི་སྙན་གྲགས་གོང་མཐོར་སོང་བ་དང་བརྟན་པོར་གནས་ཐུབ་པ་བྱུང་ཡོད། སླར་ཡང་གོང་མས་གསང་སྔགས་ཀྱི་དབང་ཐེངས་གཉིས་པ་ཞུས་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་རྫོགས་ཀྱང་ཕུལ་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་བསྐོས། དབང་ཐེངས་གསུམ་པ་ཞུས་པའི་དབང་ཡོན་དུ། ཆོས་དུང་དཀར་པོ་རྒྱང་གྲགས་དང་རྒྱ་ཡི་མི་ཡུར་ཆེན་མོ་སོགས་ཕུལ། དེ་རྗེས་རབ་བྱུང་བཞི་པའི་ཤིང་ཡོ(༡༢༥༥)ལོར་ཁམས་ཀྱི་སར་ཆར་ཕེབས་ནས་སྣར་ཐང་མཁན་ཆེན་གྲགས་པ་སེང་གེ་གདན་དྲངས་ཏེ་དགེ་སློང་གི་སྡོམ་པ་བཞེས། གོང་མས་བཀའ་ཕབ་པ་ལྟར་རི་བོ་ཐའི་ཧང་ཧྲན་གྱི་ས་ཁུལ་དུ་ཡོད་པའི་མུ་སྟེགས་ཟིན་ཤིང་གི་ཆོས་ལུགས་མཁས་པ་རྣམས་དང་རྩོད་གླེང་གནང་ནས་ཕམ་པར་མཛད། དེ་ནས་རབ་བྱུང་བཞི་པའི་ཤིང་བྱ(༡༢༦༤)ལོར་བོད་དུ་ཕེབས་ཁར་གོང་མས་སླར་ཡང་འགྲོ་མགོན་འཕགས་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོ་བསྐོས་པའི་འཇའ་ས་མུ་ཏིག་མཕུལ། དེའི་ཕྱི་ལོ་ཤིང་གླང(༡༢༦༥)ལོ་ས་སྐྱར་ཕེབས། མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་ནང་དུ་རྡོར་དབྱིངས་ཀྱི་ལྷ་ཚོགས་བཞུགས་པ་དང༌། བླ་མ་གོང་མ་རྣམས་ཀྱི་སྐུ་འབུམ་བདུན་ལ་གདུགས་དང་ཆོས་འཁོར་གསེར་ཟངས་ལས་གྲུབ་པ། གསེར་བྲིས་ཀྱི་བཀའ་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་སོགས་གསར་བཞེངས་གནང༌། བོད་དུ་ལོ་ངོ་གསུམ་བཞུགས་རིང་ལ་ཁ་ཆེའི་ཎྜི་ཏ་ཆེན་པོ་ཤྲཱི་ཏ་ཐཱ་ག་ཏ་བྷ་དྲ་དང༌། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་སོགས་མཁས་པ་ཆེན་པོ་ཉི་ཤུ་ལྷག་ཙམ་བསྟེན་ནས་རིག་གནས་ལྔ་དང༌། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ། མདོ་དང་སྔགས་སོགས་ལ་སློབ་གཉེར་དང་གསན་བཞེས་གནང༌། དེ་ནས་སླར་ཡང་གོང་མས་གདན་འདྲེན་གྱི་བཀའ་ཡིག་འབྱོར་པ་ལྟར་ཕེབས་སྐབས་ལས་ཚན་བཅུ་གསུམ་གྱི་རྒྱས་སྤྲོས་དང་བཅས་ཏེ་ཧོར་གྱི་ཡུལ་དུ་བྱོན། ཧོར་ཡིག་གསར་མགསར་གཏོ་གནང་། དགུང་ལོ་སོ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་རྟ(༡༢༧༠)ལོར་སླར་ཡང་རྒྱལ་པོས་གསང་སྔགས་ཀྱི་དབང་ཞུས་པའི་ཡོན་དུ། མི་ཉག་རྒྱལ་རྒོད་རྒྱལ་པོའི་ཤེས་དམ་ལ་བཅོས་བྱས་ནས་ཤེལ་དམ་གླིང་དྲུག་མ་དང༌། གནམ་གྱི་འོག ས་ཡི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲི་ཞེས་པའི་འཇའ་ས་དང་གོ་གནས། དངུལ་བྲེ་ཆེན་སྟོང་ཕྲག  གོས་དར་ལྔ་ཁྲི་དགུ་སྟོང་སོགས་ཕུལ། དེ་ནས་བོད་དུ་ཕེབས་ཁར་གོང་མ་སེ་ཆེན་ཧན་གྱིས་དངོས་འབུལ་རྒྱ་ཆེན་པོ་དང་བཅས་བཞུགས་པར་ཞུས་ཀྱང་མ་གསན་པར་ཕྱིར་ཕེབས་པས་རྒྱལ་པོས་དཔོན་དམག་ཁྲི་ཕྲག་མང་པོའི་དཔུང་དང་བཅས་ཏེ་ཟླ་བ་མང་པོའི་ལམ་བར་དུ་སྲུང་སྐྱེལ་ཞུས་ཤིང༌། རབ་བྱུང་ལྔ་པའི་མེ་བྱི(༡༢༧༦)ལོར་ས་སྐྱར་ཕྱག་ཕེབས། ལོ་དེར་གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་བདུན་ལྷག་ལོངས་པ་ལ་ཆོས་འཁོར་གནང་བ་དེ་ལ་ཆུ་མིག་ཆོས་འཁོར་ཟེར། དེ་ནས་ལོ་ངོ་ལྔའི་བར་ས་སྐྱའི་གདན་ས་གནང་ནས་དགུང་ལོ་ཞེ་དྲུག་པ་ལ་ལྷ་ཁང་བླ་བྲང་དུ་སྐུ་གཤེགས། གསུང་རྩོམ་གང་ཡོད་ཕྱོགས་གཅིག་ཏུ་བསྒྲིགས་པ་པོད་གསུམ་སྡེ་དགེ་དཔར་ཁང་དུ་དཔར་ཡོད།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心