ངའི་མེས་རྒྱལ་རླབས་ཆེན་ཞིག་ཡིན་།ང་ཚོའི་མེས་རྒྱལ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱང་ཡོད། གསར་གཏོད་ཆེན་པོ་བཞི་དང་། ལེ་བར་ཁྲི་ཡི་ལྕགས་རི་རིང་པོ། ཅིང་ཅུས་ཟློས་གར་སྒྱུ་རྩལ་སོགས་ཚང་མ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་མདུན་ན་ཁྲ་ལྷམ་མེར་གསལ་ཡོད། མ་གཞི་སྔོན་ཆད་བཀས་བཀོད་རྒྱུད་འཛིན་གྱི་སྲིད་གཞུང་ནུས་མེད་ཀྱིས་དབང་གིས་ང་ཚོའི་མེས་རྒྱལ་ལ་ཕྱི་རྒྱལ་བས་བརྙས་བཅོས་བྱ་མྱོང་ལ། མེས་རྒྱལ་གྱི་མངའ་ཁོངས་ས་ཆར་རྡོག་བརྫིས་བཏང་མྱོང་ལ། སྔར་དུས་སྐབས་ཤིག་རིང་མེས་རྒྱལ་མངའ་ཁོངས་སུ་ནང་འཁྲུག་རྒྱུན་མི་ཆད་པ་བྱུང་བས་མངའ་ཁོངས་སུ་དུས་བདེ་ལྷིང་འཇགས་མེད་པའི་གནས་ཚུལ་ཅུང་ཟད་ལྷགས་ཡོད་མོད། འོན་ཀྱང་འདི་དག་གིས་ང་ཚོའི་མེས་རྒྱལ་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་བཀག་འགོག་བྱེད་མི་ཐུབ་།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་ཨེ་ཤ་ཡའི་མཁའ་དབྱིངས་ནས་འཇིག་རྟེན་ཟིལ་གྱིས་ནོན་པའི་གཡུ་འབྲུག་སྔོན་མོའི་འབྲུག་སྐད་གྲགས་པས། མེས་རྒྱལ་གྱི་མངའ་ཁོངས་སུ་སྲིད་འབྱོར་རིག་གསུམ་གྱི་བྱ་གཞག་མཐའ་དག་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་འཕེལ་རྒྱས་སོང་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོས་པས་ཚངས་པའི་འཇིག་རྟེན་ཟིལ་གྱིས་མནན་ལ་ས་གཞི་རིལ་པོ་འདར་གསིག་བྱེད། དེས་ཡན་ཧོང་མི་རྒྱུད་དེ་འཛམ་གླིང་འདི་དང་གོ་ལ་གཞན་ལ་དབང་སྒྱུར་བྱེད་མཁན་ཡིན་པ་གསལ་བསྒྲགས་བྱེད། གནམ་གྲུ་དང་། མི་བཟོས་སྲུང་སྐར། འཇིག་རྟེན་འཕུར་གྲུ་སོགས་ཀྱིས་ཚངས་པའི་འཇིག་རྟེན་ཟིལ་གྱིས་མནན་ལ། ཟླ་བའི་གོ་ལའི་རྩེ་མོར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱུང་བ་དེས་ཀྱང་རང་རེའི་མེས་རྒྱལ་འདི་འགྲན་གྱིས་དོ་མེད་ཅིག་ཡིན་པ་གསལ་བཤད་བྱས།