༼ལྗོན་དབང་༽
ཐོན་མིའི་ལེགས་བཤད་ལྗོན་པའི་དབང་པོ་བཞུགས་སོ།།
༄༅།།ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།བླ་མ་མཆོག་དང་དབྱེར་མེད་པའི།། འཇམ་པའི་དབྱངས་ལ་གུས་བཏུད་ནས།།
ཐོན་མིའི་ལེགས་བཤད་སུམ་ཅུ་པའི།། སྙིང་པོ་མདོར་བསྡུས་བཤད་པར་བྱ།།
དབྱངས་ཀྱི་བྱ་བ་གསལ་པོ་རུ།། བྱེད་པ་ཨི་ཨུ་ཨེ་ཨོ་བཞི།།
གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།། ག་ང་ད་ན་བ་མ་འ།།
ར་ལ་ས་རྣམས་རྗེས་འཇུག་བཅུ།། ད་དང་ས་གཉིས་ཡང་འཇུག་སྟེ།།
ད་ནི་ན་ར་ལ་གསུམ་དང་།། ས་ནི་ག་ང་བ་མར་འཐོབ།།
ག་ད་བ་མ་འ་སྔོན་འཇུག། གོ་ངོ་དོ་ནོ་བོ་མོ་འོ།།
རོ་ལོ་སོ་ཏོ་སླར་བསྡུ་སྟེ།། རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ།།
དྲག་ཡོད་ཏོ་དང་མཐའ་མེད་འོ།། གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།།
སུ་ར་རུ་དུ་ན་ལ་ཏུ།། ལ་དོན་རྣམ་པ་བདུན་ཡིན་ཏེ།།
རྣམ་དབྱེ་གཉིས་བཞི་བདུན་པ་དང་།། དེ་ཉིད་ཚེ་སྐབས་རྣམས་ལ་འཇུག།
ས་སུ་ག་བ་དྲག་མཐར་ཏུ།། ང་ད་ན་མ་ར་ལ་དུ།།
འ་དང་མཐའ་མེད་ར་དང་རུ།། གི་ཀྱི་གྱི་འི་ཡི་ལྔ་པོ།།
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་།། དེ་རྣམས་ས་མཐའ་ཅན་ལྔ་ནི།།
རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།། སྦྱོར་ཚུལ་ན་མ་ར་ལ་གྱི།།
ད་བ་ས་ཀྱི་ག་ང་གི། འ་དང་མཐའ་མེད་འི་དང་ཡི།།
ཀྱང་ཡང་འང་གསུམ་རྒྱན་སྡུད་དེ།། ག་ད་བ་ས་དྲག་མཐར་ཀྱང་།།
ང་ན་མ་ར་ལ་མཐར་ཡང་།། འ་དང་མཐའ་མེད་འང་དང་ཡང་།།
ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ།། ན་ར་ལ་ས་དྲག་མཐར་ཏེ།།
ད་དེ་ག་ང་བ་མ་འ།། མཐའ་མེད་རྣམས་ལ་ས་སྟེ་འཐོབ།།
གམ་ངམ་དམ་ནམ་བམ་མམ་འམ།། རམ་ལམ་སམ་ཏམ་འབྱེད་སྡུད་དེ།།
སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།། ར་རུ་འི་ཡི་འང་ཡང་རྣམས།།
རྐང་པ་མི་སྐོང་སྐོང་བའི་ཁྱད།། འོ་འུ་འམ་གྱི་གོང་དུ་ཚེག།
མེད་དང་ཡོད་པའང་དེ་བཞིན་ཡིན།། ནས་ལས་འབྱུང་ཁུངས་དགར་སྡུད་དེ།།
འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས།། རིགས་མཐུན་དགར་ནས་མི་མཐུན་ལས།།
སྡུད་ལ་ནས་སྒྲ་ཁོ་ན་འཇུག། ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ།།
ཕལ་ཆེར་མིང་གི་ཐོག་མར་སྦྱོར།། ནི་ནི་དགར་དང་བརྣན་པའི་སྒྲ།།
དང་ནི་སྡུད་འབྱེད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག།
མིང་གི་ཐོག་མའི་དེ་སྒྲ་ནི།། ཐ་སྙད་འདས་མ་ཐག་པ་དང་།།
རྣམ་གྲངས་གཞན་ཅན་གཉིས་ལ་འཇུག།
ཅི་ཇི་སུ་གང་སྤྱི་སྒྲ་སྟེ།།
ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།། སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།།
སུ་ནི་གང་ཟག་གང་ཀུན་ལའོ།། ན་རོ་ཡོད་མེད་པ་བ་མ།།
བདག་པོའི་སྒྲ་སྟེ་ག་ད་ན།། བ་མ་ས་དང་དྲག་མཐར་པ།།
ང་འ་ར་ལ་མཐའ་མེད་ལ།། བདག་སྒྲ་ཡར་གྱུར་བ་དང་ནི།།
ཆ་ལ་པ་ཉིད་སྦྱོར་བ་ལེགས།། མིང་མཐའི་པ་བའང་ཕལ་ཆེར་འདྲ།།
མ་ནི་ངེས་མེད་སྐབས་དང་སྦྱར།། མ་མི་མིན་མེད་དགག་སྒྲ་སྟེ།།
མ་མི་ཐོག་མ་མིན་མེད་མཇུག། མ་ནི་བར་གྱི་གསལ་བྱེད་ལའང་།།
ཚིག་ཕྲད་ཞིང་སོགས་ང་ན་མ།། འ་དང་ར་ལ་མཐའ་མེད་མཐར།།
ཞིང་ཞེས་ཞེ་འོ་ཞེ་ན་ཞིག། ག་ད་བ་དང་ད་དྲག་མཐར།།
ཅིང་ཅེས་ཅེ་འོ་ཅེ་ན་ཅིག། ས་མཐར་དམིགས་བསལ་ཞེས་མ་གཏོགས།།
ཤིང་ཤིག་ཤེ་འོ་ཤེ་ན་འཐོབ།། འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས།།
མིང་གི་ཆ་དང་མ་ནོར་གཅེས།། རྐྱང་པ་འཕུལ་ལ་འ་མཐའ་དགོས།།
གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་།། ལྷུག་པའི་དོན་མང་མིང་མཚམས་དང་།།
དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།། ཚིགས་བཅད་ག་མཐར་ཆིག་ཤད་བྱ།།
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ།།
དོན་ཚན་ཆེན་མོ་རྫོགས་པ་དང་།། ལེའུའི་མཚམས་སུ་བཞི་ཤད་དགོས།།
ང་ཡིག་མ་གཏོགས་ཡིག་ཤད་བར།། ཚེག་མེད་དེ་སོགས་ཞིབ་ཏུ་འབད།།
ཚིག་གི་ལོ་མས་མ་བསྒྲིབས་ཤིང་།། དོན་གྱི་འབྲས་བུ་གཡུར་ཟ་བའི།།
ལེགས་བཤད་ལྗོན་པའི་དབང་པོ་འདི།། དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།།།