ཟེ་མ་ར་མགོའི་རང་གཤིས།
དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ།།
རྩོད་གྲྭ་མི་ནུས་ཆོས་གྲྭར་དོན་མེད་འདའ།།
སྐྱོར་སྦྱངས་མི་ནུས་གཉིད་དང་འདུ་འཛིར་ཆགས།།
འདི་དག་སློབ་གཉེར་གེགས་ཀྱི་གཙོ་བོ་ཡིན།།
དཔེ་གཟིགས་ཁོ་ནའི་ཆེད་དུ་དཔེ་གཟིགས་གཅིག།
དཔེ་དང་ལག་ལེན་བྲལ་བའི་དཔེ་གཟིགས་གཉིས།།
དཔེ་གཟིགས་ཕ་རོལ་གཞོམ་པའི་དཔེ་གཟིགས་གསུམ།།
དཔེ་གཟིགས་མཁན་པོ་མ་ངལ་དཔེ་གཟིགས་མིན།།
རྩེད་དང་འགྲན་དང་རང་རང་འཁྲི་སྒྲུབ་ཀྱི་གསེང་ནས།།
ཞེ་སྡང་ང་རྒྱལ་རིས་འཛིན་སྣང་མེད་དུ་འགྲོ་བས།།
བསྙེན་དང་ཚུལ་སློང་དམ་བཅའི་བསོད་ནམས་ཀྱི་ཕུང་པོ།།
ཁོང་ཁྲོས་ཇ་ཡུན་གཅིག་ལ་བརླགས་དེ་ཕང་།།
སྡིག་པའི་ཕུང་པོ་སྡིག་དང་འདྲེས་པ་དང་།།
གསང་ཆེན་རྒྱུད་པའི་གསང་ཚིག་ཉམས་པ་གཉིས།།
ཕལ་པའི་ཁྲོད་ན་ཁྱད་པར་ཆེ་ནའང་།།
དམྱལ་བའི་ཁམས་སུ་དམྱལ་བ་འདྲ་འདྲ་ཡིན།།
སྐབས་རེ་བླ་མ་ལྟ་བུའི་ཆོས་ཀྱང་བཤད།།
སྐབས་རེ་དུག་གི་ཁ་རླངས་དགུང་ལ་སྟོར།།
སྐབས་འཚོལ་བདག་ལ་ཆ་འཇོག་ཅང་མེད་པས།།
སྐབས་སུ་སྣང་ས་ཨ་ནེའི་ངང་ཚུལ་སོམས།།
ཕྱི་ཡི་རི་མོ་ནགས་ཀྱི་ཤ་ན་ལ་ཡོད་དེ།།
སྙིང་རྗེའི་རི་མོ་རི་བོང་ཤོར་ཏོ་ལ་ཡོད་དོ།།
རྒུད་ཚེ་ཕ་བསད་རྒྱལ་རྔའི་རྣམ་ཐར་དེ་བསྐྱངས་ན།།
སྲན་ཕུང་གནམ་ལ་སྟོར་འདྲ་ཁྱི་ཚོགས་ཀྱི་ནང་དམུར།།
ཆེན་པོ་ཁྲི་ཕང་མཐོ་ལ་ཕྲག་དོག་གི་མ་ཕྱ།།
མཐོ་དུས་ཁྱི་དང་དམའ་དུས་ཁྱི་མཇུག་ཀྱང་མ་གཡོབ།།
དམའ་བ་སྲང་ལམ་སྤྲང་ལ་ཁྱི་ཚོགས་བཞིན་མ་ངར་།།
མཐོ་དམའ་གང་ཡོང་སྔ་བསམ་ཕྱི་བསམ་ཡང་མ་བརྗེད།།
གནམ་ལྕག་འགྲམ་པར་གཞུ་བའི་རུས་རྩིབ་ལ་ཤུགས་མེད།།
ཁུ་ཚུར་བྲག་ལ་རྡེག་པའི་སྡར་མ་ངར་སྙིང་མེད།།
སོར་ཀྱོག་སེམས་ཀྱོག་ཟུང་གིས་ཁ་པར་གྱི་ལམ་ནས།།
ཁ་རྐུབ་འདྲེས་མའི་ངག་ཀྱལ་ཐ་ལ་ལ་འཐེན་ནོ།།
ཕ་རྒན་འདས་པའི་དུས་ཀྱི་བདུད་རླུང་ཡང་འཚུབ་བྱུང་།།
མ་རྒན་གཤེགས་པའི་དུས་ཀྱི་སྤྲིན་རུས་ཀྱང་དྲན་བྱུང་།།
དགོངས་རེའི་རྨི་ལམ་ནང་གི་ཞལ་སྐྱིན་དག་མཐོང་བས།།
ནངས་པའི་དེ་ཕོའི་སྒྲ་ལ་རྩིག་པ་རེ་ཟ་བྱུང་།།
དགག་པ་དགག་པའི་ལམ་ནས་དུས་ཚོད་དེ་ཟད་སོང་།།
རྩོད་པ་རྩོད་པ་ཁོ་ནས་གྲོགས་པོ་ཚོ་འདེད་སོང་།།
ཁོང་ཁྲོ་ཁོང་ཁྲོའི་ལམ་ནས་མི་ཚེ་འདི་བརླགས་ན།།
མགྱོགས་པོ་མགྱོགས་པོར་བཅར་བའི་བང་ཆེན་ལ་ངོ་ཚ།།
ལུགས་ཟུང་ཟུང་ལྡན་མངོན་ལྐོག་གི་ལས་མེད།།
རྒྱབ་མདུན་མདུན་གྲོས་ཁ་ཁོག་གི་ཇུས་མེད།།
རང་ལུགས་ལུགས་དཀྲུགས་རྒྱབ་མདུན་གྱི་གཏམ་མེད།།
སྒྲ་སྙན་སྙན་ཚིག་དྲང་ལྡོག་གི་ཚོན་ཡོད།།
དག་ཡིག་དག་ཡིག་མཁས་པ་མཁས་པས་བསྒྲིགས།།
དག་པ་དག་པ་མཁས་མཁས་རང་ལུགས་ཙམ།།
སྔ་མ་སྔ་མ་ཕྱི་མ་ཕྱི་མ་ཡིས།།
གང་གང་མང་མང་ཕྱི་བཞིན་འབྲངས་བ་ཙམ།།
དག་བྱེད་མཁན་དང་དག་བྱེད་མཁན་སོ་སོས།།
སྔ་མ་སྔ་མའི་འབྲི་སྲོལ་མང་ལ་ལྟ།།
སྤྱན་སྤྱན་གཡོ་ཕྱོགས་མི་འདྲའི་ཁྱད་པར་གྱིས།།
དག་བྱེད་མཁན་པོས་དག་བྱེད་མཁན་པོར་རྒོལ།།
རྦ་ཀློང་རབ་འཁྲུགས་དབའ་ཀློང་དཔའ་ཁང་འཁྲུགས།།
བརླན་གཤེར་རླན་གཤེར་གང་ཡིན་བོད་འབངས་འཁྲུགས།།
དེས་ན་ཕྱི་མའི་དག་ཡིག་མཁན་གསར་ཚོ།།
རྦ་ཀློང་བརླན་གཤེར་མཁན་པོ་མ་རེད་དམ།།
འབྱོར་ཚུལ་ཡོད་རབས་སྨྲ་བའི་སྨྲ་ལྕེ་ཡང་མེད་ལ།།
སྤྲང་ཚུལ་མི་རྒྱུ་བཟའ་བའི་བཟའ་སྐལ་ཡང་མེད་དོ།།
རྒྱུ་ནོར་མི་རྟག་སྒྱུ་མའི་སྒྱུ་འཕྲུལ་ལ་བསམ་བཞིན།།
བདེ་ལྡན་གང་བསམ་རང་ལུགས་རང་ཐག་འདི་སྐོར་རོ།།
ཁ་ཁོག་ཐ་དད་དད་པའི་ཐལ་མོ་རེ་སྦྱོར་ཡང་།།
དམ་དུམ་སྡིག་ལས་ལས་ཀྱི་མེ་ལོང་ནས་གསལ་ཡོང་།།
ཤབ་ཤུབ་ཁ་འདོན་འདོན་པ་རྣམ་གཡེང་དང་འགྲོགས་ནས།།
མག་མོག་མི་ཚེ་ཚེ་མཇུག་ཁག་པོ་རང་ཡོང་ང་།།
བཤད་བཤད་རྩིབ་རུས་རུས་སྒྲོམ་གཡས་གཡོན་ལ་གཅུ་བཞིན།།
འུར་འུར་སྐབས་ཁྲལ་ཁྲལ་ལས་ཚམ་ཚོམ་རང་མེད་ཀྱང་།།
ཐུང་ཐུང་དུས་སྐབས་སྐབས་མཚམས་དམ་དུམ་དུ་ཆད་དེ།།
ཡེར་ཡེར་ལྒང་ཕུག་ཕུག་པའི་སློབ་གསོ་དེ་ཐ་ཆད།།
རིགས་གཅིག་རིགས་ལམ་སྟོན་པའི་སྟོན་པ་དེ་སུ་ཡིན།།
བློ་གསལ་བློ་ལྡན་སྐྱོང་བའི་སྐྱོང་བྱེད་དེ་སུ་འོས།།
ཕ་རྒན་ཕ་གཞིས་ཞིང་ཁའི་ཞིང་འདེབས་ཀྱི་རྨོན་པ།།
མཛུབ་སྟོན་མཛུབ་རིས་ཅོག་ཙེའི་ཅོག་ངོས་སུ་ཨེ་འོས།།
དགའ་མདོག་མཐེབ་རིས་ཀེར་ཀེར་སྐད་འཕྲིན་ནས་མཐོང་གི།
ཞེ་གཏིང་སེམས་རིས་མག་མོག་མིག་ལམ་ནས་མི་མངོན།།
བསླབ་འདོམས་ཞར་ཞོར་བདེན་ཞེས་མགོ་བོ་དེ་དུད་ཀྱང་།།
སྐབས་འཚོལ་ཚམ་ཚོམ་རྒོལ་བའི་སེམས་རྒོད་དེ་ལངས་སོང་།།
སྐྱག་པ་གནམ་ལ་སྟོར་ནས་ཁ་ནང་ལ་སླེབས་དུས།།
ལག་ལེན་བདུད་རྩིར་རློམས་པའི་ཁ་ཕོ་ཆེ་ང་ལ།།
རྣམ་ཤེས་སྐད་ཅིག་ཕྲ་ལ་ཡིན་མིན་གྱི་ཤེས་རབ།།
ཡོད་དམ་མེད་ཅེས་སྨྲ་ལ་ལྕེ་སྒྲོག་གཅིག་འཐེབས་སོང་།།
བསྟོད་ཚིག་མེ་ཏོག་ཕུལ་བ་སྐུལ་སློང་དུ་སོམས་ཤིག།
ཕ་བསད་རྒྱལ་རྔ་རྡུང་བའི་དྲེགས་ཉམས་དེ་སྐྱུར་ཅིག།
རྐུབ་དང་སྐྱག་པའི་ལོ་རྒྱུས་ཁ་དཔེ་ལ་ཡོད་རུང་།།
དཔེ་དེ་དངོས་སུ་འཁྲབ་ན་དཔའ་བོ་རུ་འོས་སམ།།